གེ་སར་སྒྲུང་གི་བརྙན་རིས་རིག་གནས་བརྟག་དཔྱད་ཞིབ་འཇུག་དང་གྲངས་མཛོད་འཛུགས་སྐྲུན་ལས་གཞིའི་མཇུག་བསྒྲིལ་ཞིབ་བཤེར་ཚོགས་འདུ་འཚོགས།

རྩོམ་པ་པོ།: ཡོང་ཁུངས།:ཁམས་པའི་བརྙན་འཕྲིན། དུས་ཚོད།:2026-10-13 08:50:51 ཀློག་གྲངས།:
       ཟླ༡༠ཚེས༡༡ཉིན། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་གནད་ཆེའི་ལས་གཞི་སྟེ་དཔའ་བོའི་ལོ་རྒྱུས་མཚོན་པའི་སྒྲུང་རིང་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་བརྙན་རིས་རིག་གནས་བརྟག་དཔྱད་ཞིབ་འཇུག་དང་གྲངས་མཛོད་འཛུགས་སྐྲུན་ལས་གཞིའི་མཇུག་བསྒྲིལ་ཞིབ་བཤེར་ཚོགས་འདུ་སྤོས་ལྡན་གྲོང་ཁྱེར་གྱི་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཚོགས།
       ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཐོག་རྒྱལ་ཡོངས་ཀྱི་རིག་གཞུང་ཞིབ་འཇུག་ལས་ཁུངས་དང་སློབ་ཆེན་ཁག་ནས་ཕེབས་པའི་འབྲེལ་ཡོད་འགོ་ཁྲིད་དང་། དགེ་རྒན་ཆེན་མོ། ཆེད་མཁས་པ། ཞིབ་འཇུག་ཚན་ཆུང་གི་འབྲེལ་ཡོད་འཐུས་ཚབ་པ་སོགས་གདན་ཐོག་གཅིག་ཏུ་འཛོམས་ནས། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་གནད་ཆེའི་ལས་གཞི་སྟེ་དཔའ་བོའི་ལོ་རྒྱུས་མཚོན་པའི་སྒྲུང་རིང་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་བརྙན་རིས་རིག་གནས་བརྟག་དཔྱད་ཞིབ་འཇུག་དང་གྲངས་མཛོད་འཛུགས་སྐྱོང་ལས་གཞིར་དམིགས་ཏེ། ལས་གཞི་འདིའི་མགོ་མཇུག་བར་གསུམ་གྱི་བརྟག་དཔྱད་ཞིབ་འཇུག་གི་གནས་ཚུལ་ངོ་སྤྲོད་དང་། ལས་གཞིའི་རིན་ཐང་དབྱེ་ཞིབ། མ་འོངས་པའི་ཁ་ཕྱོགས་འཕེལ་རྒྱས་སོགས་ལ་དགོངས་འཆར་གང་ལེགས་བཏོན་པ་རེད།
       ཚོགས་ཞུགས་ཆེད་མཁས་པས་ལས་གཞིའི་གྲུབ་འབྲས་ལ་དམིགས་ནས་བགྲོ་གླེང་ཟབ་མོ་མཛད་པ་དང་། ཞིབ་འཇུག་ཚན་ཆུང་གི་ཞིབ་འཇུག་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་གནང་། ཆེད་མཁས་པ་དག་གིས་ལས་གཞིའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་དང་། ཞིབ་འཇུག་གི་དམིགས་འབེན་གནད་དུ་འཁེལ་བ། ཡུལ་དངོས་རྟོག་ཞིབ་ཀྱི་ལས་ཀ་ནན་མོ་བསྒྲུབས་པ། རྒྱུ་ཆ་འཚོལ་སྡུད་གྱ་ནོམ་པ། གྲུབ་འབྲས་ཀྱི་མ་ལག་འཐུས་ཚང་བ་བཅས་ཡིན་པས། གསར་གཏོད་ཀྱི་རང་བཞིན་མངོན་གསལ་དོད་པོ་ཡིན་པ། ལས་གཞི་འདི་ལ་བརྟེན་ནས་གེ་སར་སྒྲུང་གི་སྒྲུང་ངག་གྱེར་བ་དང་སྒྲུང་ཡིག་ལེགས་སྒྲིག་གི་ཞིབ་འཇུག་ཐབས་ལམ་ལས་བརྒལ་ཏེ། ཐང་ག་དང་། ལྡེབས་རིས། རྡོ་བརྐོས། འབུར་བརྐོས་སོགས་ཀྱི་བརྙན་རིས་སྒྱུ་རྩལ་ཞིབ་འཇུག་གི་མཐོང་སྣེར་བཟུང་ནས། གེ་སར་རྒྱལ་པོའི་སྒྲུང་གི་བརྙན་རིས་ཀྱི་རིགས་དབྱེའི་མ་ལག་དང་། ས་ཁོངས་ཀྱི་ཁྱབ་ཚུལ། རིག་གནས་ཀྱི་བྱེད་ནུས་བཅས་ལ་ཆ་ཚང་བའི་སྒོ་ནས་ཕྱོགས་བསྡོམས་དང་དབྱེ་ཞིབ་བྱས་ཡོད།
       ལས་གཞི་འདི་ཡིས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་བརྙན་རིས་རིག་པ་ཞེས་པའི་ཞིབ་འཇུག་གི་བསམ་གཞིགས་ལ་བརྟེན་ནས། ཀྲུང་གོའི་དཔའ་བོའི་ལོ་རྒྱུས་ཀྱི་སྙན་རྩོམ་ལ་ཞིབ་འཇུག་བྱེད་པའི་རིག་གཞུང་གི་བར་སྟོང་སྔར་བས་རྒྱ་བསྐྱེད་བཏང་ཡོད་ཅིང་། དེ་དང་ཆབས་གཅིག་ཏུ། ཐེངས་འདིའི་ལས་གཞི་ཡིས་དྲ་ཐོག་གི་བརྙན་རིས་རིག་གནས་ཀྱི་གཞི་གྲངས་མཛོད་དང་གེ་སར་གྱི་ཡིག་ཚགས་ཁང་ཟུང་དུ་འབྲེལ་བའི་གཞི་གྲངས་ཐོན་ཁུངས་ཀྱི་མ་ལག་བསྐྲུན་ནས། རྨང་གཞིའི་ཞིབ་འཇུག་དང་། གཞུང་ལུགས་གསར་གཏོད། གཞི་གྲངས་ཅན་འཛུགས་སྐྱོང་། ཤུལ་བཞག་རིག་གནས་སྲུང་སྐྱོང་བཅས་ཟུང་འབྲེལ་གང་ལེགས་བྱས་ཡོད་པས། ལས་གཞི་དེ་ལ་རིག་གཞུང་གི་རིན་ཐང་དང་། རིག་གནས་ཀྱི་རིན་ཐང་། དངོས་ཡོད་བཀོལ་སྤྱོད་ཀྱི་རིན་ཐང་བཅས་ཆེན་པོ་ལྡན་ཞིང་། མི་རིགས་ཁག་གི་འབྲེལ་འདྲིས་དང་སྤེལ་རེས། མཉམ་འདྲེས་ལ་ཞིབ་འཇུག་ཟབ་མོ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བར་རིག་གཞུང་གི་རམ་འདེགས་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་བསྟན།
       ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བན་གོ་ནི་ལས་གཞི་དེའི་དབུ་བཞུགས་ཆེད་མཁས་ཡིན་ཞིང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་གནད་ཆེའི་ལས་གཞི་སྟེ། དཔའ་བོའི་ལོ་རྒྱུས་མཚོན་པའི་སྒྲུང་རིང་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་བརྙན་རིས་རིག་གནས་བརྟག་དཔྱད་ཞིབ་འཇུག་དང་གྲངས་མཛོད་འཛུགས་སྐྱོང་ལས་གཞི་ཡིས། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་གསར་བསྐྲུན་རང་བཞིན་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་འཕེལ་རྒྱས་གཏོང་བ། གཟུགས་མེད་རིག་གནས་ཤུལ་བཞག་ཁྱོན་ཡོངས་རང་བཞིན་གྱི་སྒོ་ནས་སྲུང་སྐྱོང་བཅས་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་དགོས་མཁོ་ལ་བརྟེན་ནས། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ངག་དང་། སྒྲུང་ཡིག བརྙན་རིས། དེང་ཁྱབ་བསྒྲགས་མ་ལག་ཁྲོད་ཀྱི་ཕྱོགས་བསྡུས་རིག་གནས་གྲུབ་པའི་ནང་རྐྱེན་བཅས་གཙོ་བོར་བཟུང་སྟེ། རིག་ཚན་བརྒལ་བ་དང་ས་ཁོངས་བརྒལ་བའི་ཁྱོན་ཡོངས་རྟོག་ཞིབ་དང་ཞིབ་འཇུག་རྨང་གཞིར་བཟུང་ནས། དེ་དང་ཆབས་ཅིག་ཏུ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་བརྙན་རིས་རིག་གནས་ཀྱི་གཞི་གྲངས་མཛོད་བསྐྲུན་ཡོད། དེ་ལ་རིག་གཞུང་ཆེད་དེབ་གསུམ་དང་། ཡུལ་དངོས་རྟོག་ཞིབ་དང་ཞིབ་འཇུག་གི་སྙན་ཞུ་གཅིག གེ་སར་སྒྲུང་གི་བརྙན་རིས་རིག་གནས་ཀྱི་གཞི་གྲངས་མཛོད་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་གེ་སར་ཡིག་ཚགས་ཁང་བཅས་གཞི་གྲངས་མཛོད་ཀྱི་སྟེགས་བུ་གཉིས། འབྲེལ་ཡོད་དཔྱད་རྩོམ་བཅུ་བདུན། ཡུལ་དངོས་རྟོག་ཞིབ་ཀྱི་སྙན་ཞུ་དགུ་སོགས་ཡོད་ཅིང་། དེ་ལས་འདྲ་པར་དང་བརྙན། སྒྲ། ཡིག་ཚང་། ཆེད་དེབ། དཔྱད་རྩོམ་སོགས་གཞི་ཁྱོན་ཆེན་པོས་འཚོལ་སྡུད་དང་ལེགས་སྒྲིག དཔར་སྐྲུན་བཅས་བྱས་ཏེ། འཚོལ་བཤེར་དང་ཞིབ་དཔྱད། ཁ་སྣོན་བཅས་བྱ་ཆོག་པའི་བརྙན་རིས་དང་། ཡིག་ཚང་། རྒྱུན་འཛིན་པ། ས་གནས། གྲུབ་འབྲས། གོ་རིམ་བཅས་འདུས་པའི་མ་ལག་ཅིག་གྲུབ་ཡོད།
       ཐེངས་འདི་ལས་གཞི་ལེགས་པར་གྲུབ་པའི་གྲུབ་འབྲས་ཞིབ་དཔྱད་ཚོགས་འདུ་ལ་བརྟེན་ནས། ལོ་ངོ་མང་པོའི་རིང་གི་ཞིབ་འཇུག་ལས་ཀར་གཅིག་བསྡུས་ཞིབ་བཤེས་བྱས་ཡོད་པ་མ་ཟད། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་བརྙན་རིས་རིག་གནས་ཞིབ་འཇུག་ཁྱབ་ཁོངས་ཀྱི་གྲུབ་འབྲས་གཅིག་བསྡུས་འགྲེམ་སྟོན་བྱས་ཡོད། ལས་གཞི་དེ་ལེགས་པར་གྲུབ་པ་ཡིས་མི་རིགས་རིག་པ་དང་། སྒྱུ་རྩལ་རིག་པ། རྩིས་འཕྲུལ་ཚན་རིག་སོགས་དགེ་མཚན་ལྡན་པའི་རིག་ཚན་ལ་བརྟེན་ནས། ལོ་རྒྱུས་སྙན་རྩོམ་གྱི་བརྙན་རིས་རིག་གནས་ཞིབ་འཇུག་གི་དུས་ཡུན་རིང་བོའི་ལས་ཀའི་གྲུབ་འབྲས་མངོན་ཡོད་ལ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་འགན་འཁྲི་ཕྲག་ཏུ་ལེན་པར་ཡང་སྐུལ་མ་བཏང་ཡོད།
       མ་འོངས་པར་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་མུ་མཐུད་དུ་རིག་ཚན་མང་པོ་ཟུང་འབྲེལ་གྱི་དགེ་མཚན་འདོན་སྤེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བར་རང་འགུལ་གྱི་ཞབས་ཞུ་དང་། མི་རིགས་ཀྱི་ལོ་རྒྱུས་སྙན་རྩོམ་འཛིན་སྐྱོང་སྤེལ་གསུམ། བརྙན་རིས་རིག་གནས་གཞི་གྲངས་ཅན་སོགས་ཞིབ་འཇུག་གི་ཁྱབ་ཁོངས་གཞིར་བཟུང་སྟེ། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་གསར་བསྐྲུན་རང་བཞིན་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་སྔར་བས་ཆེན་པོ་འདོན་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།