༄༅། །རྒྱལ་ཡོངས་བོད་ལུགས་གསོ་རིག་གི་ཕོ་རྒྱུའི་ནད་གཞིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ལྷ་སར་འཚོགས་པ། 

རྩོམ་པ་པོ།: ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར། དུས་ཚོད།:2026-05-09 12:43:16 ཀློག་གྲངས།:
       དཔྱིད་དཔལ་རྫོགས་ཤིང་དབྱར་གྱི་དཔལ་མོ་བསུས། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་བཙུགས་ནས་ལོ་ངོ110འཁོར་བ་དང་སྨན་ཁང་དེའི་ཕོ་རྒྱུའི་ཚན་ཁག་བཙུགས་ནས་ལོ་ངོ40ལྷག་ཙམ་འཁོར་བའི་སྐབས་སུ། རྒྱལ་ཡོངས་བོད་ལུགས་གསོ་རིག་ཕོ་རྒྱུའི་ནད་གཞིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་ཕོ་རྒྱུའི་ནད་གཞིའི་རིག་ཚན་འཛུགས་སྐྱོང་གི་གསོ་སྦྱོང་ཚོགས་འདུ་སྐབས་དང་པོ་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་གི་ཕོ་རྒྱུའི་ཁྱབ་ཁོངས་ཀྱི་དབང་གྲགས་ལྡན་པའི་རིགས་གཅིག་མཁས་དབང་དང་དེ་བཞིན་ལས་རིགས་གཅིག་པའི་ལས་རོགས་མཉམ་དུ་འཛོམས་ནས། བོད་ལུགས་གསོ་རིག་གི་ཕོ་རྒྱུའི་ནད་གཞིའི་སྨན་བཅོས་རྒྱུན་འཛིན་དང་གསར་གཏོད་སྐོར་མཉམ་དུ་བགྲོ་གླེང་དང་། ཐུན་མོང་ཐོག་རིག་ཚན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཏེ་བོད་ལུགས་གསོ་རིག་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
       གསར་འགོད་པས་ཤེས་རྟོགས་བྱུང་གསལ། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་དེ་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་བཙུགས་ནས་ལོ་ངོ110འཁོར་བའི་ལྟེ་བའི་རིག་གཞུང་བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་ཡིན་པའི་ངོས་ནས་བོད་ལུགས་གསོ་རིག་གི་ཕོ་རྒྱུའི་ནད་གཞི་ནད་བརྟག་སྨན་བཅོས་རྒྱུན་འཛིན་དང་། རིག་ཚན་འཛུགས་སྐྱོང་། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ལྟེ་བ་ཆེན་པོ་གསུམ་ལ་དམིགས་ཤིང་། དེའི་དམིགས་ཡུལ་ནི་རྒྱལ་ཡོངས་རང་བཞིན་གྱི་བོད་ལུགས་གསོ་རིག་གི་ཕོ་རྒྱུའི་ཁྱབ་ཁོངས་ཀྱི་རིག་གཞུང་སྤེལ་རེས་གླེང་སྟེགས་བསྐྲུན་ནས། བོད་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་ཀྱི་ཁྱད་ཆོས་དང་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ལས་རིགས་ཀྱི་ཐུན་མོང་གི་ངོས་འཛིན་དང་བློ་གྲོས་གཅིག་ཏུ་བསྡུས་ཏེ། བོད་ལུགས་གསོ་རིག་གི་ཕོ་རྒྱུའི་ནད་ཀྱི་བརྟག་བཅོས་རིག་པ་དེ་ཆེད་ལས་ཅན་དང་། ཚད་ལྡན་ཅན། བརྒྱུད་རིམ་ཅན་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་རེད།
       ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་བོད་སྨན་རྩིས་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་ཤིས་ཚིག་གསུངས་ཏེ་སྨན་ཁང་གི་ལོ་ངོ110ཡི་རིང་དཀའ་སྤྱད་མདུན་སྐྱོད་བྱེད་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་ཕྱིར་མིག་དང་། ལོ་ངོ་བཞི་བཅུ་ལྷག་ཙམ་རིང་ཕོ་རྒྱུའི་ཚན་ཁག་ལ་ནད་ཐོག་སྨན་བཅོས་དང་། སློབ་ཁྲིད་ཚན་ཞིབ། ཆེད་ལས་ཚན་ཁག་འཛུགས་སྐྱོང་སོགས་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ཞིབ་ཕྲ་མངོན་པ་དང་ཆབས་ཅིག བོད་ལུགས་གསོ་རིག་གི་ཕོ་རྒྱུ་ནད་གཞིའི་རིག་ཚན་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་རེ་བ་ཆེན་པོ་བཏོན་ནས་རིག་ཚན་རྒྱུན་འཛིན་གསར་གཏོད་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ་རེད།
       ཚོགས་འདུའི་རིང་ཚོགས་ཞུགས་ཆེད་མཁས་པས། བོད་ལུགས་གསོ་རིག་གསུང་རབ་ཀྱི་རིགས་པའི་གཞུང་ལུགས་ཀྱི་སྙིང་བཅུད་ལ་གཞི་ཚུགས་ཏེ་ལོ་བཅུ་ཕྲག་ཁ་ཤས་ཀྱི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་དང་ཟུང་འབྲེལ་གྱིས་བོད་ལུགས་གསོ་རིག་གི་ཕོ་རྒྱུའི་ནད་གཞི་ནད་བརྟག་སྨན་བཅོས་ཀྱི་བསམ་ཕྱོགས་གཙོ་བོ་དང་ཁྱད་ལྡན་ལག་རྩལ་ལ་གསལ་འགྲེལ་གཏིང་ཟབ་གནང་བ་དང་། དེའི་རིག་གཞུང་མཉམ་སྤྱོད་ལ་རིགས་པའི་གཞུང་ལུགས་ཀྱི་གཏིང་ཚད་དང་ལག་ལེན་གྱི་མཛུབ་ཁྲིད་དོན་སྙིང་གཉིས་ཀ་ལྡན་པས། ཚོགས་ཞུགས་མི་སྣ་ཡོངས་ལ་བློ་སྒོ་ཟབ་མོ་ཕྱེ་བ་དང་ཕན་པ་མི་དམན་པ་ཐོབ་ནས་བོད་ལུགས་གསོ་རིག་གི་ཕོ་རྒྱུའི་ནད་བརྟག་སྨན་བཅོས་ལག་རྩལ་རྒྱུན་འཛིན་དང་ཆུ་ཚད་གོང་མཐོར་འགྲོ་བར་གདེང་ཚོད་ཁེངས་པར་བྱས་ཡོད།
       བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ཕོ་རྒྱུའི་ཚན་ཁག་གི་ཀྲུའུ་རེན་ཚེ་བརྟན་ཕུན་ཚོགས་ཀྱིས་ཚན་ཁག་གི་ལོ་ངོ་བཞི་བཅུ་ལྷག་ཙམ་གྱི་འཕེལ་རྒྱས་ལོ་རྒྱུས་མཉམ་སྤྱོད་ཞིབ་ཕྲ་གནང་བ་དང་། ཚན་ཁག་དེ་ཐོག་མར་བཙུགས་པ་ནས་འཕེལ་རྒྱས་སྟོབས་ཆེར་སོང་བའི་བར་གྱི་འབད་འབུངས་ཀྱི་ལམ་བུར་ཕྱིར་ལྟ་བྱས་པ་དང་། ཕོ་རྒྱུའི་སྨན་དོན་མི་སྣ་མི་རབས་ནས་མི་རབས་བར་གྱིས་བོད་ལུགས་གསོ་རིག་གི་ཐོག་མའི་བསམ་འདུན་བརྟན་སྲུང་དང་ནད་ཐོག་སྨན་བཅོས་ཀྱི་འཐབ་ས་དང་པོ་བརྟན་སྲུང་དང་བགྱི་བ་གང་དེར་ཧུར་ཐག་ཞུགས་ཏེ། བོད་ལུགས་གསོ་རིག་ཕོ་རྒྱུའི་ཆེད་ལས་ཚན་ཁག་གི་རྒྱུན་འཛིན་གསར་གཏོད་དང་འབད་འབུངས་མདུན་སྐྱོད་ཀྱི་འཕེལ་རྒྱས་ཀྱི་ཉམས་འགྱུར་མངོན་ཡོད།
       ཤེས་རྟོགས་བྱུང་གསལ། བགྲོ་གླེང་ཚོགས་འདུའི་རིང་ད་དུང་རིག་གཞུང་བགྲོ་གླེང་སྤེལ་རེས་དང་ཕུལ་བྱུང་དཔྱད་རྩོམ་ལ་བྱ་དགའ་སྤྲོད་པའི་མཛད་སྒོ་སོགས་ཀྱི་ལྷུ་ཚིགས་བཀོད་སྒྲིག་བྱས་ཤིང་། དུས་འགོར་རྒྱལ་ཡོངས་བོད་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་ནད་ཐོག་སྨན་བཅོས་དང་ཚན་ཞིབ་ལས་དོན་པར་ཕྱོགས་ནས་རིག་གཞུང་དཔྱད་རྩོམ་རྒྱ་ཁྱབ་ངང་བསྡུ་རུབ་བྱས་པ་དང་རིགས་གཅིག་མཁས་ཅན་ཞིབ་དཔྱད་ཚོགས་ཆུང་གིས་ཆེད་ལས་ཞིབ་དཔྱད་ནན་པོ་བྱས་པ་བརྒྱུད་ནད་ཐོག་སྨན་བཅོས་དང་ཉེ་བ་དང་རིག་གཞུང་གི་རིན་ཐང་མངོན་གསལ་དོད་པའི་ཕུལ་བྱུང་དཔྱད་རྩོམ་ཁག་གཅིག་དཔྱད་འདེམས་བྱས་པ་རེད།
       ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དེ་ནི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ལོ་བརྒྱའི་རིང་གི་སྨན་ཁང་གཉེར་བའི་གྲུབ་འབྲས་དང་ཕོ་རྒྱུའི་ཚན་ཁག་གི་ལོ་བཞི་བཅུ་ལྷག་ཙམ་རིང་གི་ཆེད་ལས་ཚན་ཁག་གི་གསོག་འཇོག་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་ཞིག་ཡིན་པ་མ་ཟད། རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་ཕོ་རྒྱུའི་ཁྱབ་ཁོངས་ཀྱི་ཚོགས་ཞུགས་མི་སྣས་ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་གོ་སྐབས་སུ་བྱས་ནས་བོད་ལུགས་གསོ་རིག་དང་སྨན་རྫས་རྒྱུན་འཛིན་གསར་གཏོད་ཀྱི་འགན་འཁྲི་བརྟན་སྲུང་དང་། རིག་གཞུང་སྤེལ་རེས་དང་ལག་རྩལ་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། བོད་ལུགས་གསོ་རིག་གི་ཕོ་རྒྱུའི་ནད་ཀྱི་སྨན་བཅོས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། བོད་ལུགས་གསོ་རིག་དང་ཕོ་རྒྱུའི་ནད་ཀྱི་རིག་ཚན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ལུགས་གསོ་རིག་དང་སྨན་རྫས་བྱ་གཞག་རྒྱུན་འཛིན་གསར་གཏོད་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྩིས་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།