ངོས་དང་པོ > ཆེད་དོན། > རིག་གནས་བགྲོ་གླེང་། > ར་སེ་དཀོན་རྒྱམ། མངའ་མཛད་རེ་ལྡེ་མགོ་གཡག་དང་དཔལ་ལྡན་ལྷ་མོའི་འབྲེལ་བ།
ར་སེ་དཀོན་རྒྱམ། མངའ་མཛད་རེ་ལྡེ་མགོ་གཡག་དང་དཔལ་ལྡན་ལྷ་མོའི་འབྲེལ་བ།
རྩོམ་པ་པོ།:ར་སེ་དཀོན་རྒྱམ།
ཡོང་ཁུངས།:ལུག་ཚང་དཔལ་ཡོན་འཕྲིན་སྟེགས།
དུས་ཚོད།:2022-02-22 09:03:24
ཀློག་གྲངས།:
མངའ་མཛད་རེ་ལྡེ་མགོ་གཡག་དང་དཔལ་ལྡན་ལྷ་མོའི་འབྲེལ་བ།
ར་སེ་དཀོན་རྒྱམ།

བདུད་རེ་ལྡེ་མགོ་གཡག་གི་བུ་མོ་རེ་མ་ཏི།
བོད་ཀྱི་ལོ་རྒྱུས་ཡིག་ཚངས་ཀུན་ལ་ལོ་རྒྱུས་སྔ་ཤོས་གླེང་སྐབས། མངའ་མཛད་ཀྱི་དུས་རབས་ཞེས་པ་ཅིག་གླེང་སྲོལ་འདུག་ལ། དེའི་ཚུལ་འཁོད་པའི་ཡིག་ཆ་ཁག་ན་གྲངས་འདྲེན་ཅུང་ཟད་མི་འདྲ་བའང་སྣང་། དེ་དག་ཀྱང་ཁུངས་འཛིན་ས་མི་འདྲ་བའི་དབང་གིས་ཡིན་སྲིད།དཔའ་བོ་གཙུག་ཕྲེང་གིས་མངའ་མཛད་བཅུ་གླེང་སྐབས། གནོད་སྦྱིན་གྱི་འོག དེ་ནས་རེ་ཏེ་མགོ་གཡག་བདུད་ཀྱིས་བྱས། །མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས། །སྟ་རེ་དགྲ་སྟ་དེ་ཡི་དུས་སུ་བྱུང་། །ཞེས་བཀོད་འདུག་པ་དང་། དེ་བཞིན་དུ་མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས། བོད་ཀྱི་ཡ་ཐོག་སྐོར་གླེང་སྐབས། གཉིས་པ་རེ་སྡེ་མགོ་གཡག་བདུད་ཀྱིས་བྱས། །ཡུལ་གྱི་མིང་ཡང་བདུད་ཡུལ་གླིང་དགུ་ཟེར། །སྟ་རེ་དགྲ་སྟ་དུས་དེར་ལག་ཆར་བྱུང་། །ཞེས་བཀོད་གནང་འདུག་གོ །
བོད་ཀྱི་ལོ་རྒྱུས་རྙིང་པའི་འཆད་སྲོལ་ལྟར་ན། སྟོད་སིལ་ཆད་ཀྱི་གོང་ཙམ་ན་བྱུང་བའི་མངའ་མཛད་དང་འབྲེལ་ཞིང་། དེ་ཡང་མི་མ་ཡིན་པ་ཤ་དག་ཡིན་པར་གྲགས་པས། སྟོད་ལྷ་རབས་ཀྱི་སྐོར་དང་སྦྲེལ་ནས་འཆད་རུང་བ་ཅིག་ཏུ་མངོན་ཡོད་ཀྱང་། ད་བར་ལོ་རྒྱུས་སྨྲ་བ་ཀུན་གྱིས་གླེང་ཙམ་རེ་མཛད་ཡོད་པ་ལས། ཞིབ་ཆ་ལྟ་ཞོག རགས་བཤད་ཙམ་ཡང་རྔོ་ཐོགས་མེད་པས་ན། ཁོ་བོ་ལྟ་བུས་ནི་ཡ་ཐོག་གི་མི་བུ་གྲགས་ཆེན་ཡིན་པ་གང་ཞིག ཕྱིས་སུ་མི་མ་ཡིན་པ་སྟེ། སྲིད་པའི་ལྷ་རབས་སུ་གྱུར་པའི་ཁོངས་མི་ཅིག་ཡིན་པར་ཆ་འཇོག་པ་ལས། གཞན་པའི་ལོ་རྒྱུས་གླེང་བའི་གཞི་ནི་ག་ལ་རྙེད་དེ་རྙེད་པར་མི་སྲིད་དོ། །
ཁོ་བོའི་དཔེ་ཀློག་གི་འབྲས་བུར་བརྩི་རུང་བ་སྟེ། གོང་གསལ་དང་འབྲེལ་ཡོད་འགའ་ཤས་མཇལ་བས། འདིར་མཚམས་སྦྱོར་ཞུ་འདོད་བྱུང་། དེ་ནི་གླེ་ལུང་བཞད་པ་རྡོ་རྗེས་མཛད་པའི་ཡིག་ཆ་གལ་ཆེན་ཏེ། དམ་ཅན་བསྟན་སྲུང་གི་རྣམ་ཐར་ཞེས་པ། མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་དེབ་ངོས་༡༣༤ལས། དཔལ་ལྡན་ལྷ་མོའི་སྐོར་གླེང་སྐབས། ཀླུ་མོ་རེ་མ་ཏི་ཞེས་གྲགས་ཏེ། ཞག་དགུ་ཅུ་ལོན་པ་དང་ཚེ་འཕོས་ནས་ཡུལ་དྲི་ཟའི་གྲོང་ཁྱེར་གསེར་སྡིངས་སྐྱེད་མོས་ཚལ་ཞེས་བྱ་བར། དུག་ཤིང་ནག་པོ་འགྱུར་མེད་ཀྱི་དྲུང་དུ། བདུད་རེ་ལྡེ་མགོ་གཡག་༼རེ་ཏི་འགོ་པ་ཉག་ཅེས་པའང་འདུག་པས་ཀྱང་བརྟག་༽དང་། ཡུམ་དྲན་པ་དབང་བྱེད་གཉིས་འདུས་པ་ལས། ཞེས་སོགས་བདུད་མོ་རེ་མ་ཏི་ཞེས་པ་དེ་ཉིད་བྱུང་ཚུལ་གསལ་པོར་བཀོད་འདུག་གོ །
དེས་ན་མངའ་མཛད་རེ་ལྡེ་མགོ་གཡག་གམ་རེ་ཏི་འགོང་ཉག་ཅེས་པ་དང་། དཔལ་ལྡན་ལྷ་མོ་རེ་མ་ཏི་གཉིས་བར་ལ་ཕ་བུའི་འབྲེལ་བ་ཅིག་ཡོད་པར་བསྟན་འདུག མངའ་མཛད་ནི་བདུད་ཡིན་པ་དང་། རེ་མ་ཏི་ཡང་བདུད་མོ་ཡིན་པ་དང་། གཉིས་ཀ་མི་མ་ཡིན་པར་བཤད་པ་སོགས་མཐུན་ཆ་ཡང་ངེས་ཅན་ལྡན་འདུག དེ་ཙམ་མ་ཟད། ཧ་ཅང་ངོ་མཚར་སྐྱེ་འོས་པ་ཅིག་ནི། རང་རེའི་བཀའ་འགྱུར་ནང་ཚན་རྒྱུད་འབུམ་དུ་བཞུགས་པའི་ལྷ་མོའི་རྒྱུད་གྲགས་ཅན་དུ་གྱུར་པ། མཁའ་འགྲོ་མ་མེ་ལྕེ་ཕྲེང་བའི་རྒྱུད་ཅེས་པའི་དཔེ་ཚན་འདི་ཡིན་པར་ཤེས་དགོས་ཏེ། རྒྱུད་འདིར་མངའ་མཛད་རེ་ཏི་མགོ་གཡག་གམ་རེ་སྡེ་འགོང་ཡག་ནི། དཔལ་ལྡན་ལྷ་མོ་རེ་མ་ཏིའི་ཡབ་ཡིན་ཚུལ་གསལ་པོར་བཀོད་འདུག་པ་དེ་རེད། །
མེ་ལྕེ་ཕྲེང་བ་ཞེས་པའི་རྒྱུད་དེར། ཀླུ་མོ་རེ་མ་ཏི་ཞེས་གྲགས་ཏེ་ཞག་དགུ་ཅུ་ལོན་པ་དང་ཚེ་འཕོས་ནས་དྲི་ཟའི་གྲོང་ཁྱེར་གསེར་སྡིངས་སྐྱེས་མོས་ཚལ་ཞེས་བྱ་བ་དུག་ཤིང་ནག་པོ་འགྱུར་མེད་ཀྱི་རྩ་བ་ན། བདུད་རི་ཏི་འགོང་ཉག་དང་དྲན་པ་དབང་བྱེད་གཉིས་བྱི་བྱས་པས་ཞག་དྲུག་ཅུ་རྩ་གཅིག་ན་བུ་མོ་ཞིག་སྐྱེས། ཞེས་སོགས་ཞིབ་ཆ་དང་བཅས་བཀོད་འདུག་ལ། ཡང་རྒྱུད་དེའི་ལེའུ་ཉི་ཤུ་པར། བདུད་རེ་ཏི་འགོང་ཉག་གིས་བསྟོད་པ་བྱས་པ་སྟེ། གཡོག་མོ་ལ། བདུད་རི་ཏི་འགོང་ཉག་གིས་འདུལ་ཐབས་ཀྱི་དབང་གི་སྒོ་ནས་བསྟོད་པ། བདུད་ལ་དབང་བསྒྱུར་བདུད་མོ་དཔལ་འབར་མ། །རི་ཏི་འགོང་ཉག་བུ་མོ་རེ་མ་ཏི། །བདུད་མཁར་རྩེ་དགུའི་གནས་ཀྱི་གཙོ་མོ་སྟེ། །བདུད་མོ་རེ་མ་ཏི་ལ་ཕྱག་འཚལ་བསྟོད། །ཅེས་པ་འདི་ཉིད་ལེའུ་ཉི་ཤུ་པར་གསལ་པོར་འཁོད་འདུག་གོ །
གོང་གསལ་བོད་ཀྱི་ལོ་རྒྱུས་ཡིག་ཚངས་ཀྱི་དངོས་བསྟན་ཡ་ཐོག་གི་ལོ་རྒྱུས་སྐོར་དང་། རྒྱ་གར་ནས་ཚུར་བོད་ཡུལ་དུ་བསྒྱུར་བ་དང་འདྲ་བའི་མཁའ་འགྲོ་མ་མེ་ལྕེ་ཕྲེང་བའི་རྒྱུད་ལས། བདུད་ཡུལ་དང་། བདུད་རི་ཏི་འགོང་ཉག་ཅེས་པ་དང་། དེའི་བུ་མོ་བདུད་མོ་རི་མ་ཏི་ཡིན་ཚུལ་དང་། བདུད་མཁར་རྩེ་དགུའི་བདག་པོ་ཡིན་ཚུལ་སོགས་བཀོད་འདུག་པས། དེ་གཉིས་ནི་སྟབས་ལེགས་སམ་སྟེས་དབང་གིས་འདྲ་བ་ཙམ་མ་ཡིན་པར། དོན་གྱི་ཆ་ནས་འབྲེལ་བ་དམིགས་བསལ་ཅན་ཡོད་པར་མངོན་ཡོད་པས། གཏམ་གྱི་མཆེད་ཁོངས་གཅིག་ཡིན་ནམ། ཕན་ཚུན་ཤུགས་རྐྱེན་ཐེབས་རེས་བྱུང་བ་ཡིན་མིན་གྱི་རྒྱབ་ལྗོངས་གསལ་པོར་རྙེད་ཐུབ་ན། གནའ་བོའི་གནས་ཚུལ་རབ་རིབ་ཁག་ལ་ཁ་གསལ་གཏོང་ཐུབ་པར་ངེས། །
རྒྱུད་འདི་ཉིད་ཀྱི་མཇུག་བྱང་དུ། ཐུན་མོང་ལུགས་དང་མཚུངས་པའི་རང་རྟགས་ཏེ། །བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་པའི་འགྱུར་བྱང་བཞུགས་མེད་པ་དང་། དེ་ཉིད་ལས། ལེའུ་ཉི་ཤུ་རྩ་གཉིས་པ་རྫོགས་སོ། ། ། །ཞེས་སློབ་དཔོན་པད་མས་སློབ་བུ་གླང་དཔལ་གྱི་སེང་གེ་ལ་དེ་སྐད་ཅེས་བཀའ་བསྩལ་ཞིང་གདམས་སོ། །ཞེས་འཁོད་འདུག་པས། སློབ་དཔོན་དེ་ཉིད་བོད་ཡུལ་དབུས་སུ་བཞུགས་པའི་ཚེ། གླང་དཔལ་སེང་དང་བླ་སློབ་ཏུ་གྱུར་པའི་ཚེ་ན། རྒྱུ་རྐྱེན་གང་ཞིག་ལ་བརྟེན་ནས་གསུངས་པར་ཡིན་ངེས་ཀྱང་། དེའི་ཚུལ་མི་གསལ་མོད་གང་ཟག་གསུམ་པ་ཅིག་གིས་ཡི་གེར་བཀོད་པར་གསལ་ཡོད་པས། བོད་དུ་མཛད་པའི་རྒྱུད་ཀྱི་ཁོངས་སུ་ཡང་གཏོགས་པར་ངེས། གང་ལྟར་རྒྱུད་འདིར་ཕྱོགས་གཞན་ནས་མཇལ་ན། ར་མ་ཎའི་གཏམ་རྒྱུད་ཀྱི་བརྗོད་བྱའི་ཤུགས་རྐྱེན་ནམ། འབྲེལ་བ་ཧ་ཅང་ཆེ་ཞིང་སྲིན་ཡུལ་ལང་ཀའི་ཡུལ་གྱི་ཚུལ་དང་། ལང་ཀའི་ཡུལ་དུ་སྤྲེའུ་འབལ་ལེ་དང་མགྲིན་བཟང་འཐབ་པ་དང་། དེ་བཞིན་སྲིན་པོ་ད་ཤ་གྷྲི་བ་སོགས་ར་མ་ཎའི་གཞུང་ལྟར་བཀོད་པ་ཤིན་ཏུ་གསལ་བས། ཕྱོགས་ཙམ་རྟོགས་ནུས་པའི་རང་མདངས་གསལ་པོར་སྣང་། །
དེང་དུས་བོད་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་སྟོད་ལྷ་རབས་དང་ལྷག་པར་མངའ་མཛད་ནི་མི་མ་ཡིན་པའི་རིགས་མ་ཡིན་པར། རང་རེའི་མེས་པོ་དག་ལ་ཡུལ་དུས་མི་འདྲ་བའི་ཆ་ནས་བཏགས་པར་བཤད་པའི་འཕེལ་འགྱུར་བྱུང་ཡོད་པས། བདུད་རེ་ལྡེ་མགོ་གཡག་དང་བདུད་མོ་རེ་མ་ཏིའི་བར་གྱི་ཕ་བུའི་འབྲེལ་བའི་ཚུལ་འདི་ལོ་རྒྱུས་མི་སྣ་དང་། གཏམ་རྒྱུད་དང་། སྒྲུང་བརྒྱུད་ཀྱི་འབྲེལ་བ་ཡིན་མིན་སོགས་ནི་མཁས་པའི་སྤྱོད་ཡུལ་ལས། བདག་འདྲའི་ཡུལ་དུ་རྣམ་པ་ཀུན་ཏུ་མ་གྱུར་པ་ཡིན་པས། འདི་ནི་ཁོ་བོའི་དཔེ་ཀློག་གི་ཟིན་བྲིས་ཙམ་ཡིན་གྱི་དཔྱད་གཏམ་ནི་མ་ཡིན་ནོ། །
༢༠༢༢/༢/༡༦
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།