《 རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན》ཞེས་པར་བལྟས་རྗེས།
དེ་རིང2011ལོའི་ཟླ11པའི་ཚེས16ཉིན་རེད། ཁ་སང་དེ་རིང་གཉིས་ཀྱི་དུས་ཚོད་བེད་སྤྱད་དེ་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པའི་དེབ་ཅིག་ལ་བལྟས། མཛད་པ་པོ་ནི་ལྷ་མོ་དོན་འགྲུབ་དང། དབྱིན་སྐད་དུ་སྒྱུར་བ་པོ་ཐུབ་བསྟན་སྤྱིན་པ། བོད་ཡིག་ཏུ་སྒྱུར་བ་པོ་ནི་བསྟན་འཛིན་རིག་བཟང་རེད།
ནང་དོན་ནི། ༡ སྔོན་གླེང་དང། ༢རྟོགས་གཞིགས། ༣ཚན་རིག་དང་འཕྲད་པ། ༤སྟོང་ཉིད་དང་ལྟོས་གྲུབ། ཁོན་ཏོན་དངོས་ཁམས་རིག་པ། ༥འབར་གས་ཆེན་པོ་དང་ནང་པའི་ཐོག་མ་མེད་པའི་འཇིག་རྟེན། ༦འཕེལ་འགྱུར་རིག་པ་དང། ལས་ཀྱི་རྣམ་གཞག སེམས་ཅན་གྱི་འཇིག་རྟེན། ༧ཤེས་པའི་གནད་དོན། ༨ཤེས་པར་ཕྱོགས་པའི་ཚན་རིག ༩ཤེས་པའི་རྣམ་གྲངས། ༡༠ཀུན་སྤྱོད་རིག་པ་དང་རིགས་རྒྱུན་གྱི་ཚན་རིག་གསར་བ། ༡༡ ཚན་རིག་དང་སེམས་དོན་རིག་པ། འགྲོ་བ་མི། ༡༢ མཆན་འགྲེལ། ༡༣ བརྡ་ཆད་ཤན་སྦྱར། གསལ་བཤད། སྒྱུར་བ་པོའི་ངོ་སྤྲོད་མདོར་བསྡུས་བཅས་ཡོད།
ང་རང་ལ་མཚོན་ན། སློབ་ཆེན་སྐབས་ཆེད་ལས་དངོས་ཁམས་རིག་པ་ཡིན་པས། དེབ་འདིའི་ནང་འབྱུང་བའི་ཨན་སི་ཐན་གྱི་ལྟོས་གྲུབ་རིག་པ་དང། ཁོན་ཏོན་གྱི་ཤུགས་ཀྱི་རྣམ་གཞག་གསུམ། མིན་ཏི་ཨར་གྱི་རྒྱུད་འཛིན་རིག་པ། མུན་ཅེ་ལེ་ཧྥུ་ཡི་གཞི་རྒྱུད་དུས་འཁོར་རེའུ་མིག ཁོན་ཏོན་གྱི་ཀུན་ལྡན་འགུགས་ཤུགས་རྣམས་ལ་ཆ་རྒྱུས་ཅུང་ཟད་ཙམ་ཡོད་ལ། གཞན་ཏར་བུན་གྱི་འཕེལ་འགྱུར་རིག་པའང་སྐྱེ་དངོས་ནང་སྦྱང་མྱོང་ཡོད་པས་ཅུང་ཙམ་ཆ་རྒྱུས་ཡོད། དགེ་ཆོས་ཀྱིས་ནང་ཆོས་དང་དེང་རབས་ཚན་རིག་གི་སྡེ་ཚན་གང་མང་བར་ཕན་ནུས་ལྡན་པའི་བགྲོ་གླེང་བྱེད་ཐུབ། ཅེས་བརྗོད་མྱོང། ལྷ་མོ་དོན་གྲུབ་ཁོང་ཚང་གིས་ཀྱང་ཉེན་ཁར་མ་འཛེམས་པར་ནང་ཆོས་དང་ཚན་རིག་བར་ལ་བརྟག་དཔྱད་ཞིབ་འཇུག་གི་སྒོ་ནས། དངོས་ཡོད་གནས་ལུགས་དང་བདེན་ལུགས་འཚོལ་ཞིབ་བྱེད་པར་བསམ་པའི་ཀུན་སློང་གིས་ཚན་རིག་ལ་གོམས་འདྲིས་དང་། འཛམ་གླིང་ཏུ་མིང་གྲགས་ཅན་གྱི་དེང་རབས་ཚན་རིག་པ་གང་མང་ལ་བགྲོ་གླེང་བྱས་མྱོང་ཡོད། སྒོས་སུ་སྔོན་ཐོན་གྱི་ཚན་རིག་སྐོར་ལ་དངོས་སུ་འཚོལ་རྟོགས་བྱུང་ཚེ། ཚན་རིག་ནི་ཆོས་ལུགས་མེད་པར་གཏོང་བྱེད་མིན་ལ། ཆོས་ལུགས་ཀྱང་ཚན་རིག་ལ་མཚོན་ན་བདེན་པར་མ་གྲུབ་པ་མིན་པར་འདུག་པའི་ཤེས་རྟོགས་བྱུང་ཡོད། ཡིན་ཡང། དངོས་ཁམས་འཇིག་རྟེན་གྱི་ཤེས་རྟོགས་ལ་མཚོན་ན། སྲོལ་རྒྱུན་གྱི་ནང་པའི་གཞུང་ལུགས་ཁག་གི་རྣམ་གཞག་དང་འགྲེལ་བཤད་མང་པོ་ཞིག་དེང་རབས་ཀྱི་ཚན་རིག་གི་ལྟ་བ་དང་འགྲེལ་བཤད་ལ་བསྡུར་ན་རགས་པོ་ཡིན་སོང།དེ་ནི་ཁོ་བོའི་ཚན་རིག་གི་གོ་རྟོགས་འཕེལ་བ་དང་བསྟུན་ནས་རིམ་གྱིས་གསལ་བོ་ཆགས་སོང་ཞེས་བརྗོད་ཡོད།
ཁོང་གིས་ཚན་རིག་གི་སྐོར་ལ་ཞིབ་འཇུག་གཟབ་ནན་བྱས་ཡོད་པ་ནི། ཚན་རིག་གིས་དངོས་ཡོད་གནས་ལུགས་ཅི་ཡིན་པ་རྟོགས་པར་འབད་བརྩོན་བྱེད་པ་འདི་གཅིག་པུ་མ་ཡིན་པར། དེ་བས་ཀྱང་གལ་ཆེ་བའི་གནད་འགག་ཅིག་སྟེ། ཚན་རིག་གིས་ཀུན་སྤྱོད་དང་འགྲོ་བ་མིའི་མི་རིགས་ཀྱི་རིན་ཐང་ལ་ཤུགས་རྐྱེན་གང་འདྲ་ཐེབས་པ་བཅས་རེད། འདས་པའི་ལོ་དེ་དག་གི་ནང་ཁོང་གིས་དོ་སྣང་བྱ་ཡུལ་གཙོ་བོ་ནི་ཚན་རིག་གི་སྡེ་ཚན་ཁག་ནི་ཆ་རྡུལ་ཕྲ་མོའི་དངོས་ཁམས་རིག་པ་དང། འཇིག་རྟེན་གྲུབ་ཚུལ་རིག་པ། སྐྱེ་དངོས་རིག་པ། དབང་རྩའི་ཚན་རིག་དང་སེམས་ཁམས་རིག་པ་སོགས་རེད། ཁོང་གི་ཤེས་ཡོན་དང་རིག་གནས་སྦྱོང་བརྡར་གྱི་རྨང་གཞི་ནི་ནང་ཆོས་ཡིན་པས།ཁོང་གིས་རང་བཞིན་གྱིས་ནང་བའི་ལྟ་གྲུབ་གཙོ་བོ་ཁག་དང་ཚན་རིག་གི་ལྟ་བ་གལ་ཆེན་བར་གྱི་མཐུན་པའི་ཆ་ལ་རྒྱུན་དུ་བསམ་བློ་གང་མང་བཏང་མྱོང་བ་རེད། དེབ་འདི་ནི་ལྦུ་བའི་ཁང་དང། རྡུལ་ཕྲ་རབ་ཀྱི་མགྱོགས་ཚད་སྤར་ཆས། བྱེད་ལས་ཀྱི་ཁབ་ལེབ་རྡོག་སྒྲའི་གློག་པར་བཅས་ཀྱི་འཇིག་རྟེན་དུ་བོད་ཀྱི་ནང་བའི་གྲྭ་བ་ཞིག་སླེབས་པའི་ཤེས་ཡོན་གྱི་འཚོལ་སྙེག་དང། དེ་འདྲའི་ཡུན་རིང་བོ་ལ་བསམ་གཞིགས་བྱས་པའི་འབྲས་བུ་རེད།
དེབ་འདིའི་ནང་དུ། ཁོང་གིས་ཚན་རིག་དང་ཆོས་ལུགས་གཉིས་ཀྱིས་མཐུན་ས་དང་མི་མཐུན་ས་གང་ཡིན་ལ་དབྱེ་ཞིབ་ཀྱི་ལམ་ནས་མཐའ་དཔྱོད་བྱེད་རྒྱུ་མིན་ཏེ། ཚན་རིག་དང་སེམས་དོན་རིག་པ་ཐ་དད་ཡིན་མོད། བདེན་པ་འཚོལ་བའི་དམིགས་ཡུལ་འདྲ་མཚུངས་ཡིན་པ་མ་ཟད། འདི་གཉིས་ཀྱིས་གཅིག་གིས་གཅིག་ལ་སློབ་སྦྱོང་འོས་པ་མང་ཞིང་ཕན་ཚུལ་ཁ་སྐོང་བར་བྱེད་པའི་ཞིབ་དཔྱོད་ཀྱི་འཇུག་སྒོའང་རེད། དེའི་ཕྱིར། དེ་གཉིས་ཕན་ཚུལ་ཟུང་འབྲེལ་གྱིས་འགྲོ་བ་མིའི་རིགས་ལ་འཕེལ་རྒྱས་གསར་བ་ཞིག་འབྱུང་དུ་འཇུག་པར་འབད་བརྩོན་དང། ལྷག་པར་དུ་ཕན་ཚུན་བར་བགྲོ་གླེང་ལ་བརྟེན་ནས་ཚན་རིག་དང་སེམས་དོན་རིག་པས་འགྲོ་བ་མིའི་རིགས་ཀྱི་དགོས་མཁོ་དང་བདེ་ཐབས་ལ་སྔར་ལས་ལྷག་པའི་སྒོ་ནས་ཞབས་འདེགས་སྒྲུབ་ཐུབ་པའི་ཕྱོགས་ལ་རེ་བ་ཡོད།
ཡེ་ཤུ་ཆོས་ལུགས་གཙོས་པའི་སེམས་དོན་རིག་པ་དང་ཚན་རིག་བར་གྱི་བགྲོ་གླེང་དེར་ལོ་རྒྱུས་རིང་བོ་ལྡན། ཚན་རིག་གིས་ང་ཚོའི་དགོས་མཁོ་གང་སྒྲུབ་པ་དེའི་མཐའ་མའི་འབྲས་བུ་ཅི་འདྲ་ཞིག་ཡིན་མིན་ད་དུང་ཕྱོགས་ཡོངས་སུ་གསལ་བོ་མེད་པ་དང། གང་ལྟར། ཚན་རིག་གིས་ང་ཚོ་མིའི་རིགས་ཀྱི་འཚོ་གནས་ལ་ཕན་ཁེ་སྒྲུབ་པ་ཞིག་ཡིན་ཚེ། ཚན་རིག་ལ་བརྟེན་དགོས་ལ། ལྷག་པར་དུ་འཕེལ་འགྱུར་རིག་པ་དང། ལྟོས་གྲུབ་རིག་པ།ཁོན་ཏྲོན་འགུལ་ཤུགས་རིག་པ་སོགས་ཚན་རིག་གི་གལ་ཆེ་བའི་རྣམ་གཞག་དང་དེ་དག་གི་རྩ་བའི་ཡོན་ཏན་རྣམས་སྣང་མེད་དུ་བསྐྱུར་མི་ཐུབ་པ་ཞིག་རེད། སེམས་དོན་རིག་པར་ཞིབ་བསྡུར་དང། ལྷག་པར་དུ་ཀུན་སྤྱོད་ནསའགྲོ་བ་མིའི་སྤྱི་ཚོགས་ཀྱི་རྒྱ་ཆེ་བའི་གནད་དོན་ཁག་ལ་དོ་སྣང་བྱས་པས་ཚན་རིག་ལའང་བློ་བསྐྱེད་རེག་སྲིད། ཡིན་ཡང་ནང་བའི་འཇིག་རྟེན་ཆགས་ཚུལ་གྱི་རྣམ་གཞག་རྙིང་བ་དང་དངོས་ཁམས་རིག་པའི་གྲུབ་མཐའ་རགས་པ་ལྟ་བུ། ཚན་རིག་གི་ཤེས་བྱ་གསར་བ་ཁག་དང་བསྟུན་ནས་བཅོས་བསྒྱུར་དང་ཡར་རྒྱས་གཏོང་དགོས་པ་གསལ་བོ་རེད།
ཚན་རིག་དང་ནང་ཆོས་གཉིས་ཀྱིས་མཚན་ཉིད་རིག་པའི་གཞུང་ལུགས་ལ་རྙོག་འཛིང་ཆེ་བའི་སྒྲུབ་བྱེད་དང་རྒྱུ་མཚན་མང་བོ་ཡོད་པས། འདི་ནི་ལས་སླ་བོ་ཞིག་མ་རེད། ང་ཚོའི་འཚོ་གནས་ཀྱི་ནང་དུ་ཚན་རིག་གིས་གོ་གནས་ཇི་འདྲ་ཞིག་བཟུང་ཡོད་དམ།ཚན་རིག་གིས་དོ་ངོ་མར་ལས་དོན་ཅི་ཞིག་སྒྲུབ་བཞིན་འདུག་གམ། ཅི་ཞིག་གིས་ཚན་རིག་ལ་ཁ་ལོ་བསྒྱུར་དགོས་སམ་ཞེས་པ་ལྟ་བུའི་དྲི་བ་འདི་དག་ང་ཚོས་གསལ་བོ་ཤེས་ཡོད་དམ། དྲི་བ་མཐའ་མ་འདི་ཤིན་ཏུ་གལ་ཆེ་སྟེ། ཀུན་སྤྱོད་དང་མཐུན་པའི་ཀུན་སློང་ཞིག་གམ། ལྷག་པར་སྙིང་རྗེ་ལྟ་བུ་ཞིག་གིས་ཚན་རིག་ལ་ལམ་སྟོན་མ་བྱས་ཚེ། ཚན་རིག་གིས་ཁེ་ཕན་སྒྲུབ་པ་ལས་དོན་ངོ་མར་གནོད་ཚབས་ཆེན་པོ་བྱེད་སྲིད། ཚན་རིག་གལ་ཆེན་ཡིན་པ་དང་ཁྱད་པར་དུ་ད་ལྟའི་འཛམ་གླིང་འདིའི་ནང་དུ་དེའི་གཡོལ་ཐམས་མེད་པའི་དབང་ཤུགས་ཁྱབ་བརྡལ་འགྲོ་བ་མཐོང་བས། ཚན་རིག་ངེས་པར་དང་ལེན་བྱ་དགོས་པ་སྨྲས་མ་དགོས་པ་རེད། ནང་བསྟན་དུ་སེམས་དོན་རིག་པའི་དམིགས་བྱ་ཆེས་རླབས་ཆེན་ནི། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྐྱེད་ནས་ཁོ་ཚོའི་བདེ་བའི་ཆེད་དུ་ལས་དོན་གང་ཐུབ་ཅི་ཐུབ་ཀྱིས་བསྒྲུབ་རྒྱུ་དེ་རེད།
2010ལོའི་ཟླ 11པའི་ཚེས 16ཉིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com