མ་ཅིག་ལབ་སྒྲོན་གྱི་མཛད་རྗེས་ཀྱི་སྐོར་གླེང་བ། ༼༡༽
དུས་རབས་བཅུ་གཅིག་པ་ལ་བྱུང་བའི་མཁས་གྲུབ་གཉིས་ལྡན་གྱི་བུད་མེད་མ་ཅིག་ལབ་སྒྲོན་མཆོག་འདི་དེང་སང་བར་དུ་གྲུབ་མཐའ་རིས་མེད་ཀྱིས་དད་པ་བྱེད་ཡུལ་དུ་གྱུར་ཡོད་པ་མ་ཟད། དེང་སང་གི་མཁས་ཆེན་མང་པོས་ཞིབ་འཇུག་བྱ་ཡུལ་ཞིག་ཀྱང་གྱུར་ཡོད་པ་རེད། དེ་ཡང་ལོ་ངོ་དགུ་བརྒྱའི་སྔོན་དུ་བྱུང་བའི་བོད་ཀྱི་བུད་མེད་འདིས་ཡང་སྙིང་ཁོང་གི་རྗེས་རབས་པ་ལ་ཅི་ཞིག་བཞག་ཡོད་པ་དང་། མི་རིགས་འདི་ལ་ཅི་ཞིག་བཞག་ཡོད། མཛད་རྗེས་འདི་ཚོ་ཡང་ཁོང་གིས་མཁའ་འགྲོ་མ་ཞིག་ཡིན་པའི་ཆ་ནས་སྤྲུལ་པ་ཁོ་ན་ལ་བསྟེན་ནས་བཞག་པ་ཞིག་རེད་དམ། ཡང་ན་སྤྱི་བོ་ཕལ་པ་ཞིག་གིས་སྡུག་རུས་དང་བརྩོན་འགྲུས་ལ་བསྟེན་ནས་བཞག་པ་ཞིག་རེད། འདིའི་སྐོར་ལ་གཤམ་ནས་ཅུང་དཔྱད་པ་བྱའོ། །
དང་པོ། མ་ཅིག་ལབ་སྒྲོན་གྱིས་གཅོད་ཡུལ་གྱི་གྲུབ་མཐའ་སྲོལ་གཏོད་ནས་བོད་ཀྱི་རིག་གནས་སྐོར་ལ་བཞག་པའི་མཛད་རྗེས།
སྐྱེས་ཐོབ་ཀྱི་ཤེས་རབ་ལྡན་ལ་སྦྱོང་ཐོབ་ཀྱི་བརྩོན་འགྲུས་ཡོད་པའི་རླབས་ཆེ་བའི་བུད་མེད་མ་ཅིག་ལབ་སྒྲོན་མཆོག་གི་ལོ་རྒྱུས་དང་ཁོང་གིས་གསར་གཏོད་བྱས་པའི་ཞི་བྱེད་གཅོད་ཀྱི་ལྟ་བ་སོགས་ཀྱི་དཔྱད་རྩོམ་འགའ་རེ་ཡོད་ཀྱང་། མཁས་གྲུབ་གཉིས་ལྡན་གྱི་བུད་མེད་འདིའི་མཛད་རྗེས་ཕྱོགས་ཀྱི་དཔྱད་རྩོམ་མེད་པས་འདིའི་སྐོར་ལ་ཅུང་གླེང་བ་བྱའོ ། །
མ་ཅིག་ལབ་སྒྲོན་གྱི་མཛད་པ་མཐའ་དག་གི་ནང་ནས་ཆེས་མངོན་གསལ་བའི་མཛད་རྗེས་ནི་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་གཅོད་ཀྱི་གཞུང་ལུགས་བརྩམས་པ་དང་། དེ་ཉིད་དར་སྤེལ་ཆེས་ཆེར་མཛད་པ་དེ་ཡིན། སློབ་མའི་ཚོགས་རྒྱ་ཆེར་བསྐྱངས་ནས་གངས་ལྗོངས་ཡུལ་གྲུ་ཀུན་ཏུ་གཅོད་ཀྱི་ལག་ལེན་གང་སར་དུ་ཁྱབ་བ་བྱས་པ་མ་ཚད། བལ་པོའི་ཡུལ་དང་རྒྱ་གར་གྱི་ཡུལ་ནས་མ་ཅིག་ལབ་སྒྲོན་གྱི་མདུན་དུ་གཅོད་ཀྱི་གདམས་པ་ཞུ་བར་ཡོང་མཁན་ནི་མེ་ཏོག་ལ་བུང་བ་འཁོར་བ་བཞིན་དུ་བྱུང་བས། རྒྱ་གར་དང་བལ་པོ་ལ་ཡང་མ་ཅིག་གི་གཅོད་ཀྱི་གཞུང་ལུགས་ཁྱབ་སྤེལ་བྱུང་ཡོད། ཇི་སྐད་དུ། མ་ཅིག་གི་གདུལ་བྱ་ནི་ནམ་མཁའ་དང་མཉམ་སྟེ། མདོ་དབུས་ཁམས་གསུམ་གྱི་བླ་མ་གདུགས་ཐོགས་པ་མན་ཆད་དགེ་བཤེས་གྲྭ་པ་དང་། མིའི་རྒྱལ་པོ་དཔོན་པོ་བློན་པོ་བཙུན་མོ་ཧོར་འདྲ་བཙུན་པ་དང་། སྐྱེ་བོ་ཕོ་མོ་དང་། མཛེ་སྤྲང་ཡན་ཆད་དང་། བཟང་དགུའི་གཏུགས་ས། ངན་དགུའི་བརྟེན་གནས་བྱེད་ཅིང་། དེ་ལྟ་བུའི་འཁོར་བཟང་ངན་སྟོང་ཙམ་རྒྱུན་དུ་འཁོར་བ་ཡོད་ཅིང་། བལ་པོའི་ཡུལ་ནས་མཇལ་བ་མང་བོ་འོངས་པས་སྐུ་བསོད་དང་ཆོས་ཀྱི་སྙན་པ་ཆེན་པོ་རྒྱ་གར་དུ་ཡང་གྲགས་སོ། ། དེ་ནས་རྒྱ་གར་རྡོ་རྗེ་གདན་དུ་པཎ་ཌི་ཏ་རྣམས་འདུས་ནས། ཆོས་ཀྱི་འབྱུང་གནས་འདི་ཡིན་པ་ལ། འདིར་མ་གྲགས་པའི་ཕྱག་རྒྱ་ཆེན་པོ་གཅོད་བྱ་བའི་ཆོས་ཀྱི་སྲོལ་བཏོད་ནས། བལ་པོ་ཕན་ཆོད་ཐམས་ཅད་ཆོས་ལ་དབང་བསྒྱུར་ནས། བཞི་རྒྱ་རྩ་བཞིའི་ནད་དང་། སྟོང་ཕྲག་བརྒྱད་ཅུའི་གདོན་གྱིས་མི་ཚུགས་པའི་གཅོད་ཟེར་བའི་ཆོས་འཆད་པ་པོ་ཡུམ་གྱི་སྤྲུལ་བ་ཡིན་ཟེར་བའི་བུད་མེད་མིག་གསུམ་ཡོད་པ་གཅིག་གིས་བྱེད་དོ་ཟེར་བར་གྲགས་པ། ཡང་ན་ཡུམ་གྱི་སྤྲུལ་བ་ཡིན་ངེས། ཡང་ན་བདུད་དང་རྒྱལ་བསེན་གྱི་སྤྲུལ་བ་འཇིགས་སུ་རུང་བ་འདི་འདུལ་བ་ཡང་དཀའ་ཞིང་། འདུལ་བའི་གཉེན་པོ་གང་དགོས་པ་ཡང་ཤེས་པ་དཀའ་བས་་་་་་་་་་[1]དང་། ཇི་སྐད་དུ། དེར་འོང་མི་གང་ཡོད་ཀྱིས་ཟླ་བ་གཅིག་གི་ཆས་ཀ་དང་བཅས་ཤོག་ཅིག་བསྒྲགས་པས། མི་ཕོ་མོ་འབུམ་ཚོ་ལྔ་དང་། ལྔ་བརྒྱ་དང་། བདུན་བཅུ་རྩ་གསུམ་ཙམ་འདུས། དེའི་ནང་དུ་རྒྱ་གར་ནས་བྱོན་པའི་ལོ་ཙྪ་བ་མཁས་པ་བཞི་འདུག་གོ། ། དེ་ནས་མ་ཅིག་གིས་ཚོགས་པ་རྣམས་ལ་ཆོས་སྟོན་བྱས་ཏེ། རྒྱུ་རྫས་ཐམས་ཅད་ཀྱིས་གཏོང་སྒོ་བྱས། དགེ་བཤེས་དགེ་འདུན་པ་ཁྲི་ཚོ་བདུན་ཙམ་བཞུགས། དེ་ནས་ལོ་ཙྪ་བས་བསྒྱུར་ཏེ། ཨ་ཙ་ར་གསུམ་དང་། མ་ཅིག་ཆོས་ཀྱི་བགྲོ་གླེང་ཆོས་གང་ལ་བྱས་ཀྱང་མ་ཅིག་ལ་གླགས་མ་རྙེད་་་་་་་དེ་ནས་དེར་འཚོགས་པ་ཐམས་ཅད་མ་ཅིག་དང་། མའི་ཆོས་དང་། སྐྱེས་རབས་དང་གླེང་གཞིའི་རྒྱུས་གཏམ་ཐམས་ཅད་ལ་ཡིད་ཤིང་ཐེ་ཚོམ་བསལ། སྒྲོ་འདོགས་ལེགས་པར་ཆོད་ཅིང་། ་་་་་་་་དམ་པ་དང་རྐང་མགྱོགས་པ་གསུམ་རྒྱ་གར་དུ་ཐོགས་པ་མེད་པར་བྱོན། ཚོགས་པ་རྣམས་ཀྱང་སོ་སོར་ཞིག་གོ ། དེ་ནས་དམ་པ་དང་རྐང་མགྱོགས་པས། རྒྱ་གར་བ་ཐམས་ཅད་རྡོ་རྗེ་གདན་དུ་བསྡུས་ནས་མ་ཅིག་གིས་གསུངས་པ་རྣམས་ལྷག་ལུས་པར་ཞུས་་་་་་་[2]ཞེས་གསུངས། དེ་ཡང་བསྟན་པ་ཕྱི་དར་གྱི་སྐབས་སུ་བོད་ཀྱི་མཁས་པ་ཕལ་ཆེར་གྱིས་རྒྱ་གར་གྱི་རིག་གནས་ནང་འདྲེན་བྱས་ནས་བོད་ཀྱི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་བཏང་བའི་སྐབས་དེ་ལ། རྒྱ་གར་གྱི་རིག་གནས་ཡོད་ཚད་བདུད་རྩི་ཞིག་ལ་བརྩིས་ནས་བོད་ཀྱི་མཁས་པ་ཕལ་ཆེར་གྱིས་ངོམས་པ་མེད་པ་འཐུང་བའི་དུས་དེ་ལ། རང་མི་རིགས་ཀྱི་རིག་གནས་དེ་ཕལ་ཆེར་དོར་དེ་མི་རིགས་གཞན་ཞིག་གམ་རྒྱ་ཁབ་གཞན་ཞིག་གི་རིག་གནས་མཐའ་དག་ནང་འདྲེན་བྱེད་པའི་སྐབས་དེ་ལ། རྒྱ་གར་དང་བལ་པོའི་མཁས་པ་ཚོས་རང་མི་རིགས་སམ་རང་རྒྱལ་ཁབ་ཀྱི་རིག་གནས་བོད་པ་དང་རྒྱ་ནག་སོགས་སུ་ཁྱབ་བསྒྲགས་བྱེད་པའི་སྐབས་དེ་ལ། བོད་ཀྱི་མཁས་མཆོག་མ་ཅིག་ལབ་ཀྱི་སྒྲོན་མའི་རྒྱ་གར་ནས་ཕེབས་པའི་ཕ་དམ་པ་སངས་རྒྱས་དང་བོད་རང་གི་མཁས་པ་གྲྭ་པ་མངོན་ཤེས་ཅན་བསོད་ནམས་བླ་མ་སོགས་བསྟེན་ནས་ནང་དོན་རིག་པ་ཡང་དག་པ་སྦྱང་ཏེ་དེང་སང་ཀུན་གྱིས་སྒོམ་ཉམས་ལེན་བྱེད་པའི་གཅོད་ཅེས་པ་དེ་སྲོལ་གཏོད་པ་རེད། དེ་ཡང་གཅོད་ཅེས་པ་འདིས་བོད་རང་གི་མཁས་པ་ཚོས་བསྟོད་བསྔགས་བྱེད་ཡུལ་དང་ཉམས་ལེན་བྱེད་ཡུལ་དུ་གྱུར་པ་མ་ཟད། སྐབས་དེ་དུས་ལ་མཚོན་ན་བོད་རང་གི་མཁས་པའི་སྲོལ་གཏོད་པའི་གྲུབ་མཐའ་དེ་ཐེངས་དང་པོ་ཕྱི་རྒྱལ་ལ་དར་འགོ་བརྩམས་པ་དང་བོད་རང་གི་རིག་གནས་དེ་རྒྱབ་ཁབ་གཞན་དག་ལ་ཁྱབ་བསྒྲགས་བྱེད་པའི་འགོ་བརྩམས་པ་རེད་ཟེར་ན་ཡང་མི་འགྲིག་པ་ག་ལ་ཡོད། དེ་ཡང་སྔོན་ཡིན་ན་བོད་པའི་མཁས་པ་རྣམས་ལེ་བར་ཁྲི་ཕྲག་བརྒལ་ནས་རྒྱ་གར་ཡུལ་དུ་ནང་དོན་རིག་པ་སྦྱོང་འགྲོ་བའམ་ཡང་ན་དཀའ་བ་དང་དུ་ལེན་ངལ་བ་ཁྱད་དུ་གསོད་ནས་རྒྱ་གར་གྱི་མཁས་མཆོག་རྣམས་བོད་དུ་གདན་འདྲེན་བྱས་ནས་ནང་དོན་རིག་པ་གཙོ་བྱས་པའི་རིག་གནས་སྦྱོང་དགོས་པ་རེད། མ་ཅིག་ལབ་སྒྲོན་གྱི་གཅོད་དེ་སྲོལ་གཏོད་ནས་མདོ་དབུས་ཁམས་གསུམ་དུ་སྙན་གྲགས་ཁྱབ་པའི་རྗེས། རྒྱ་གར་གྱི་མཁས་པ་དག་གདན་འདྲེན་དང་འབུལ་བ་སོགས་གང་ཡང་མི་དགོས་པ་མ་ཅིག་ལབ་སྒྲོན་སྐུ་མདུན་དུ་སློབ་སྦྱོང་ལ་ཕེབས་པ་མ་ཟད། མ་ཅིག་ལབ་སྒྲོན་གྱི་སྲོལ་གཏོད་པ་འདི་ཐུན་མོང་མ་ཡིན་པ་ཞིག་རེད་ཟེར་ནས་རྒྱ་གར་ཕྱོགས་ལ་ཡང་དར་སྤེལ་བྱུང་ལ། མ་ཅིག་ལབ་སྒྲོན་གྱི་བོད་ཀྱི་སློབ་མ་ཕུད་རྒྱ་གར་དང་བལ་པོ་ཕྱོགས་ཀྱང་སློབ་མ་ཡང་མང་པོ་གསོ་སྐྱོང་བྱེད་ཡོད་པ་དང་། མ་ཅིག་ལབ་སྒྲོན་མཆོག་གིས་བོད་ཞེས་པ་འདི་ཁྱབ་བསྒྲགས་ཡག་པོ་ཞིག་བྱས་ཡོད་པ་ནི་སྨྲས་མ་དགོས་ལ། ནང་ཆོས་ཟེར་བའི་འབྱུང་ཁུངས་རྒྱ་གར་ལས་མེད་སྙམ་པའི་རྒྱ་གར་གྱི་མཁས་མཆོག་རྣམས་ལ་ཡང་བུད་མེད་འདིས་དང་ཐོག་སྐྲག་སྣང་ཞིག་དང་ཐེ་ཚོམ་ཞིག་སྦྱིན་ཡོད་ལ། རྗེས་སུ་བུད་མེད་འདི་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་མི་བྱེད་ཐབས་མེད་ཅིག་ཀྱང་བྱུང་ཡོད་པ་རེད། འདི་ཡང་གཤམ་གྱི་ལུང་འདི་ལས་ང་ཚོས་རྒྱ་གར་གྱི་མཁས་པ་ཚོས་མ་ཅིག་ལ་ཐེ་ཚོམ་ཅི་ལྟར་དང་རྗེས་སུ་ཡི་རངས་ཅི་ལྟར་བྱས་ཡོད་པ་གསལ་པོ་མཐོང་ཐུབ། ཇི་སྐད་དུ། ཡང་ན་ཡུམ་གྱི་སྤྲུལ་བ་ཡིན་ངེས། ཡང་ན་བདུད་དང་རྒྱལ་བསེན་གྱི་སྤྲུལ་བ་འཇིགས་སུ་རུང་བ་འདི་འདུལ་བ་ཡང་དཀའ་ཞིང་། འདུལ་བའི་གཉེན་པོ་གང་དགོས་པ་ཡང་ཤེས་དཀའ་བས། བུད་མེད་དེ་རྩད་གཅད་པ་ལ་འགྲོ་ཐང་ཟེར་ནས་ཐམས་ཅད་གྲོས་མཐུན་་་་་་་་་་་་འོ་འདིར་ཚོགས་པའི་ཁྲོམ་པ་རྣམས་གསོན་དང་། རྒྱ་གར་བ་རྣམས་ང་དང་ངའི་ཆོས་ལུགས་རྣམས་ལ་ཡིད་མ་ཆེས་ནས། ཨ་ཙ་ར་གསུམ་བཏང་ནས། ངའི་ཉམས་ལེན་པར་འོངས་པར་འདུག་པས་་་་་་་་་དེ་ནས་དེར་འཚོགས་པ་ཐམས་ཅད་མ་ཅིག་དང་། མའི་ཆོས་དང་། སྐྱེས་རབས་དང་གླེང་གཞིའི་རྒྱུས་གཏམ་ཐམས་ཅད་ལ་ཡིད་ཆེས་ཤིང་ཐེ་ཚོམ་བསལ། སྒྲོ་འདོགས་ལེགས་བར་ཆོད་་་་་རྒྱ་གར་བ་ཐམས་ཅད་ཀྱང་མ་ཅིག་འདི་ཡུམ་ཆེན་མོའི་སྐྱེ་བ་ཡིན་པར་ངེས་ཟེར་ཞིང་ཡིད་ཆེས་ནས། སྒྲོ་འདོགས་ཆོད་ཅིང་མ་ཅིག་འདིར་གདན་དྲང་དགོས། བོད་མཐའ་འཁོབ་ལ་སྣོད་མེད་པས། མ་ཅིག་སྐུ་ཡལ་དུ་འགྲོ་བར་གདའ་གཏམ་སྐད་་་་[3]ཅེས་གསུངས། གོང་དུ་བཤད་པ་ལྟར་རྒྱ་གར་གྱི་མཁས་པ་རྣམས་ཀྱིས་གཅོད་ཀྱི་སྲོལ་གཏོད་པ་པོ་མ་ཅིག་ལབ་སྒྲོན་མཆོག་ལ་ཡིད་ཆེས་དང་རྗེས་སུ་ཡི་རངས་བྱེད་ཡོད་པ་ཧ་ཅང་གསལ་པོ་ཤེས་ལ། བོད་ཀྱི་གྲུབ་མཐའ་གང་མང་ཁྲོད་ནས་མ་ཅིག་ལབ་སྒྲོན་གྱི་སྲོལ་གཏོད་པའི་གཅོད་དེ་ཐོག་མར་རྒྱ་གར་དུ་སྤེལ་ཐུབ་པ་བྱུང་པ་འདིས། བོད་ཀྱི་རིག་གནས་ཁྱབ་སྤེལ་བྱེད་པ་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཡོད་པ་རེད། དེ་ཡང་འོག་གི་ལུང་ལས་མ་ཅིག་ལབ་སྒྲོན་གྱི་སྲོལ་གཏོད་པའི་གཅོད་དེ་རྒྱ་གར་སོགས་སུ་དར་ཡོད་པ་ཡང་བསྐྱར་བདེན་དཔང་བྱེད་ཐུབ། ཇི་སྐད་དུ། རྒྱ་བོད་གཉིས་ཀྱིས་མ་ཅིག་ལ་དད་པ་རྩོད་མེད་དུ་ཆུད་ཅིང་། སྒྲོ་སྐུར་གཤེ་བར་བྱེད་པ་རྣམས་ཀྱང་ཐེ་ཚོམ་གྱི་སྙེམས་ཐག་ཆོད་ནས། མ་ཅིག་ལ་འདུད་པར་བྱུང་ནས་དམ་ཆོས་བདུད་ཀྱི་གཅོད་ཡུལ་རྒྱ་བོད་གཉིས་ལ་གྲགས་ཤིང་དར་བར་བྱུང་།་་་་་ད་ལྟ་ང་བོད་དུ་སྐྱེས་པས་ཁྱེད་རྒྱ་གར་དུ་མ་གྲགས་པའི་དམ་ཆོས་ཕྱག་རྒྱ་ཆེན་པོ་གཅོད་བྱ་བ་སྟོན་པ་ཡིན་པས། སྤྲང་མོ་ངའི་ཆོས་ལུགས་བོད་གངས་ཅན་གྱི་ལྗོངས་སུ་གྲགས་པའི་གཅོད་ཡུལ་འདི་ཁྱེད་རྒྱ་གར་བ་ལ་ཡང་གཟིགས་ཕུལ་ཞིག་བྱེད་དགོས་གསུངས་ནས། མ་ཅིག་གི་ཐུགས་ལ་འཁྲུངས་པའི་ཆོས་ཁྱད་པར་ཅན་རྣམས་རྒྱ་གར་དུ་བསྐུར་་་་་་་རྒྱ་གར་བ་ཐམས་ཅད་ཆོས་ལ་ཡིད་ཆེས་ནས་ཐམས་ཅད་ཀྱིས་ཉམས་སུ་བླངས་ཏེ། བོད་ཆོས་རྒྱ་ལ་དར་བར་བྱས་སོ། ། [4] ཞེས་གསུངས། འདི་ལས་མ་ཅིག་ལབ་སྒྲོན་གྱི་སྲོལ་གཏོད་པའི་གཅོད་དེ་རྒྱ་གར་ལ་དར་ཡོད་པ་ང་ཚོས་ཧ་ཅང་གསལ་པོ་ཞིག་ཤེས་ཐུབ་པས། བོད་ཀྱི་རིག་གནས་ཕྱིའི་རྒྱལ་ཁབ་ལ་ཁྱབ་བསྒྲགས་བྱེད་མཁན་གྱི་བུད་མེད་ཐོག་མ་དང་བུད་མེད་ཁྲོད་ནས་ཕྱི་རྒྱལ་གྱི་སློབ་མ་ཐོག་མ་བསྡུ་མཁན་གྱི་མཁས་མཆོག་འདི་ཉིད་ད་ལྟའི་བར་དུ་རྗེས་རབས་མཁས་མཆོག་རྣམས་ཀྱི་དད་པ་བྱ་ཡུལ་དུ་གྱུར་ཡོད།
གཉིས་པ། རིགས་ལམ་འགྲན་རྩོད་བྱས་པ་ཡིས་དགོན་སྡེ་ཁག་གི་ཤེས་ཡོན་པའི་ཆུ་ཚད་ཇེ་མཐོར་འགྲོ་བར་བྱས་རྗེས་བཞག་པ།
མེས་པོའི་རིག་གནས་རྒྱུན་འཛིན་དང་གསར་འབྱེད་བྱེད་མཁན་གྱི་མ་ཅིག་ལབ་སྒྲོན་མཆོག་གིས་དུས་རབས་བཅུ་གཅིག་པའམ་བསྟན་པ་ཕྱི་དར་གྱི་སྐབས་སུ་སློབ་མ་གྲངས་ལས་འདས་པ་ཞིག་གསོ་སྐྱོང་བྱས་པ་མ་ཟད། མ་ཅིག་ལབ་སྒྲོན་རིགས་ལམ་སྤྱི་དང་ལྷག་པར་ཕར་ཕྱིན་གྱི་གཞུང་ལུགས་ལ་མཁས་པའི་གྲྭ་ཐོད་ཆོད་པ་ཞིག་བྱུང་ཡོད་ཅིང་། གང་དེ་ནི་མཁས་པ་རྣམས་དང་རིགས་ལམ་རྩོད་པ་ལ་མཆོག་ཏུ་དགྱེས་པའི་ཤེས་རབ་ཅན་མ་ཞིག་ཡིན་པས་རྟག་པར་ཕར་མཁས་པའི་མདུན་སར་རྩོད་པ་ལ་བྱོན་པ་དང་། ཚུར་རྩོད་དུ་བྱུང་བ་ལ་རྩོད་པའི་དམ་བཅའ་འཇོག་པར་ཐུགས་རབ་གཞོལ་བ་བཅས་ལུང་དང་རིགས་པའི་སྒོ་ནས་འཁོར་འདས་ཀྱི་དངོས་པོའི་གནས་ལུགས་གཏན་ལ་འབེབས་པའི་ཐབས་ཚུལ་ལྷུར་བཞེས་མཛད་ཀྱི་ཡོད་པ་དེས་སྐབས་དེ་དུས་བོད་ཀྱི་དགོན་སྡེ་ཁག་གི་ཤེས་ཡོན་པའི་ཆུ་ཚོད་ཇེ་མཐོར་གཏོང་བ་ལ་བྱས་རྗེས་ཆེན་པོ་འཇོག་ཡོད་པས། འདི་ཡང་མ་ཅིག་ལབ་སྒྲོན་གི་ཐུན་མོང་མ་ཡིན་པའི་མཛད་པ་ཞིག་ཡིན་པ་ལ། ཇི་སྐད་དུ། དེ་ནས་ནངས་པར་སྔ་མོ་ནས་བྱོན་པས་ཉི་མ་ཕྱེད་ཙམ་ན་ཤེལ་གྲོང་དུ་སླེབས་ཏེ། གྲྭ་པ་སུམ་བརྒྱ་ཙམ་ལ་ཕར་ཕྱིན་གྱི་བཤད་པ་བྱེད་པ་ཞིག་འདུག དེར་མ་ཅིག་ཕྱིན་ནས་དགེ་བཤེས་རྣམས་ཀྱིས། ཁྱོད་ཇོ་མོ་ཟླ་བ་རྒྱལ་མཚན་གྱི་སྲས་མོ་ལབ་སྒྲོན་ཟེར་བའི་མིག་གསུམ་ཡོད་པ་ཞིག་གྲགས་པ་དེ་ཡིན་ནམ་ཟེར་སྐད། ང་ཡིན་བྱས་པས། དེ་ལྟར་ན་ཁྱོད་མཁའ་འགྲོ་མ་ཡིན་ཟེར་བར་གྲག་ཅིང་། ཕར་ཕྱིན་ལ་མཁས་ཟེར་བས། ངེད་དང་ཆོས་ཀྱི་རྩོད་པ་བྱེད་དོ་ཟེར་སྐད། རྩོད་པ་བྱའི་སྨྲས་པས། དགེ་བཤེས་དང་གྲགས་པ་བདུན་དང་རྩོད་པ་བྱས་པས།། དགེ་བཤེས་རྣམས་ཀྱིས་གླགས་མ་རྙེད་ནས། གྲྭ་པ་ཐམས་ཅད་ཀྱིས་རྣལ་འབྱོར་མ་ཁྱོད་ཡུམ་ཆེན་མོའི་སྤྲུལ་བའམ། ཡེ་ཤེས་ཀྱི་མཁའ་འགྲོ་མ་དངོས་ཡིན་ཟེར་བདེན་པ་འདྲ་མོད་་་་་་་་དང་། ཤུད་པ་ལོ་ཙྰ་བ་དཔོན་སློབ་བཅོ་བརྒྱད། བླ་མ་ཡར་རི་བ་དཔོན་སློབ་ཉི་ཤུ་རྩ་ལྔ་དང་། སྟོད་ལུང་པ་དཔོན་སློབ་སུམ་ཅུ་སོ་ལྔ་ཕྱིར་བྱོན་ནས་ཆོས་ལ་རྩོད་པ་མང་དུ་བྱས་པས། ཚིག་དོན་གང་ལའང་མ་གཅིག་མ་ཐུབ་པས། དགེ་བཤེས་ཐམས་ཅད་ཀྱང་དད་ཅིང་། སྟོང་སྡེ་ངག་གི་དབང་ཕྱུག་ཟེར་བ་དང་། གྲོལ་སྡེ་རྒྱལ་བའི་འབྱུང་གནས་བྱ་བའི་སྡེ་སྣོད་གསུམ་ལ་མཁས་པའི་སྟོན་པ་གཉིས་ཀྱིས་ཆོས་ཞུས་པ་ལ་སོགས་དགེ་འདུན་མང་རབ་ལ་ཆོས་བསྟན་ཅིང་གྲགས་པར་གྱུར་ཏེ། གྲུབ་ཐོབ་ཆེན་པོ་ཕམ་ཏིང་པ་བྱོན་ནས་ཆོས་ཀྱི་དྲི་བ་མང་དུ་མཛད་པ་ལ། མ་ཤེས་པ་ནི་མ་བྱུང་ཞིང་མ་ཅིག་གི་ཐུགས་ལ་འཁྲུངས་པའི་རྟོགས་མྱོང་ཆོས་ཀྱི་རྟོགས་ཚུལ་དང་། ཆོས་ཀྱི་སྲོལ་བཏོད་ཚུལ་རྣམས་ཞུས་པས།་་་་་[5] ཞེས་རིགས་ལམ་འགྲན་རྩོད་ཀྱི་མཛད་པའི་རྣམ་ཐར་དེ་རིགས་ནི་ཅིང་ཀྱང་མཁས་པའི་ཚོགས་ཀྱི་ཡིད་དབང་འཕྲོག་ངེས་པ་ཞིག་ཡོད་ལ། ལོ་རྒྱུས་ཀྱི་དོན་དངོས་དེ་ཚོའི་ཐོག་ནས་གང་དེའི་མཁྱེན་རླབས་དོ་ཟླ་བྲལ་བའི་ཚུལ་ང་ཚོས་ཤེས་རྟོགས་ནུས་པ་ཞིག་ཡིན།
གསུམ་པ། སློབ་མ་རྒྱ་ཆེ་བསྡུ་བ་ཡིས་སྒོས་སུ་བོད་བུད་མེད་ཀྱི་ཤེས་ཡོན་ཆུ་ཚད་དང་གོ་གནས་ཇེ་མཐོ་འགྲོ་བར་བྱས་རྗེས་འཇོག་པའི་སྐོར།
སྤྱི་བཤད་ན་དུས་རབས་བཅུ་གཅིག་པར་བུད་མེད་མཁས་པ་མང་པོ་ཞིག་ཡོད་པ་ང་ཚོས་ལོ་རྒྱུས་ཀྱི་གནས་ཚུལ་ཁ་ཤས་བརྒྱུད་ནས་གསལ་པོ་ཤེས་ཐུབ། དེ་ཡང་མ་ཅིག་ལབ་སྒྲོན་དགུང་ལོ་ལྔ་ནས་ཨ་མའི་མདུན་ནས་དབྱངས་གསལ་སོ་བཞི་སྦྱོང་འགོ་བཙུགས་པ་དང་། དེ་རྗེས་ཨ་མས་ཁོ་རང་གི་མཆོད་གནས་ཇོ་མོ་དམ་པ་ཞིག་ཡོད་པ་དེའི་མདུན་དུ་ཁྲིད་ནས་ནང་དོན་རིག་པ་སྐོར་སྦྱོང་དུ་བཅུག་པ། དེ་ཡང་དོན་དག་ཆུང་ཆུང་འདི་དག་ལས་ང་ཚོས་སྐབས་དེ་དུས་ཀྱི་བོད་ཀྱི་བུད་མེད་ཀྱི་རིག་གནས་ཆུ་ཚོད་ག་འདྲ་ཡོད་མིན་ཕལ་ཆེར་ཤེས་ཐུབ་ལ། ཇི་སྐད་དུ། ཡང་དམ་པ་བོད་བྱོན་པའི་དུས་སུ་བྱ་ནག་མོ་བཞི་དམ་པའི་ཕྱི་བཞིན་དུ་འཕུར་ཞིང་འོང་བ་མཐོང་བ་ལས་མཁའ་འགྲོ་མ་བཞིར་གྱུར་པ་ནི། གཡེའི་ལབས་སྒྲོན། གཉལ་སྟོད་ཀྱི་མ་ཇོ་བྱང་ཆུབ། གཙང་གི་ཞིང་མོ་རྒྱལ་མཐིང་། ལྷ་སའི་སྨྱོན་མ་རྣམས་ཏེ། གཉལ་སྟོད་ཀྱི་ཇོ་མོ་བྱང་ཆུབ་ནི། རང་གནས་ལུགས་ཀྱི་དགོངས་པ་གསལ། ཕན་སེམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་མཛད། ཞང་མོ་རྒྱལ་མཐིང་ནི། ཁྱོ་ཤི་བའི་མྱ་ངན་གྱིས་ནོན་པ་ལ་དམ་པས་བློ་དངོས་འབྲེལ་མེད་ཀྱི་གདམས་པ་བཏབ་པས་གྲོལ། ལྷ་སའི་སྨྱོན་མ་ནི། ཆོས་མཛད་རྣམས་ཀྱི་མི་མཐུན་ཕྱོགས་སེལ་ཞིང་། ཇོ་བོ་རྗེ་ལ་རྒྱལ་པོའི་བཀའ་ཆེམས་སྟོན་མཁན་དེ་ཡིན་ཟེར་རོ། ། ལབས་སྒྲོན་གྱིས་གདམས་པ་བཏབ་པའི་བུ་ཆེན་ནི་་་་་་་[6] ཞེས་པ་ལས་སྐབས་དེ་དུས་ལ་མ་ཅིག་ལབ་སྒྲོན་ཕུད། ད་དུང་མཁས་གྲུབ་གཉིས་ལྡན་གྱི་བུད་མེད་མང་པོ་ཞིག་ཡོད་པ་ཧ་ཅང་གསལ་པོ་རེད། ཡིན་ཡང་དེང་སང་ང་ཚོས་མཐོང་དུ་ཡོད་པ་ནི་མ་ཅིག་ལབ་སྒྲོན་གྱི་ལོ་རྒྱུས་ཙམ་ཡིན་པས། ང་ཚོས་མ་ཅིག་ལབ་སྒྲོན་བརྒྱུད་ནས་སྐབས་དེ་དུས་ཀྱི་སྤྱི་ཚོགས་ཁྲོད་ཀྱི་བུད་མེད་རྣམས་རྒྱུས་ལེན་བྱེད་པ་དང་། མ་ཅིག་ལབ་སྒྲོན་བརྒྱུད་ནས་སྐབས་དེ་དུས་ཀྱི་བོད་ཀྱི་བུད་མེད་ཀྱི་སྤྱི་ཚོགས་གནས་བབས་རྒྱུས་ལེན་དགོས་འདུག ང་ཚོས་རླབས་ཆེ་བའི་མ་ཅིག་ལབ་སྒྲོན་མཆོག་གི་ལོ་རྒྱུས་སོགས་བརྒྱུད་ནས་སྐབས་དེ་དུས་ཀྱི་བོད་བུད་མེད་ཀྱི་གནས་བབས་སོགས་ཤེས་ཐུབ་པ་འདི་ཡང་ཁོང་གི་མཛད་རྗེས་ཤིག་ཅིའི་ཕྱིར་མིན། ད་དུང་ཁོང་རང་གི་གཅོད་ཀྱི་རྒྱུད་འཛིན་མཁན་གྱི་ཇོ་མོ་མང་པོ་བསྡུས་པ་དེས་དུས་རབས་བཅུ་གཅིག་པའི་སྐབས་སུ་བོད་ཀྱི་བུད་མེད་ཀྱི་རིག་གནས་ཆུ་ཚད་ཇེ་མཐོར་གཏོང་བ་དང་མཉམ་དུ་བོད་ཀྱི་བུད་མེད་ཀྱི་གོ་གནས་ཇེ་མཐོང་གཏོང་བ་ལ་ཡང་ཤུགས་རྐྱེན་ངེས་ཅན་ཞིག་ཐོན་ཡོད་ངེས། ཇི་སྐད་དུ། གཞི་བདག་ཟངས་རི་འཁྱིལ་བས་སེམས་བསྐྱེད་ཞུས་ནས། བསྟན་པ་བསྲུང་བར་ཁས་བླངས་སོ། ། ཇོ་མོ་ཆོས་མཚོ་བྱ་བ་ཞིག་སྣང་བས། ཞབས་ཏོག་བྱེད་ཟེར་ནས་བསྡད་པས། ཆོས་མཚོ་དང་། ཡང་ཡོན་བདག་མོ་དར་སྒྲོན་དང་། གནས་བརྟན་ཀམ་པ་གྲགས་བྱ་བ་དང་གསུམ་ལ། མོ་བཀྲ་བས་ལོ་འདིའི་ནང་དུ་འཆི་ཟེར་བས། དབང་ཟབ་པ་ཞིག་ཞུ་ཟེར་ནས། དབང་གི་ཆས་ཀ་བྱིན་ནས་མ་རྒྱུད་མཁའ་འགྲོ་གནས་འགྱུར་གྱི་དབང་དང་ཚོགས་བརྒྱ་བྱས་པས། མོ་ངན་འགྱུར་ནས། མ་ལབ་སྒྲོན་བྱིན་རླབས་ཆེ་ཟེར་བ་ཐམས་ཅད་དུ་གྲགས་སོ། ། [7]ཞེས་དང་། ཇི་སྐད་དུ། དེ་ནས་དགུང་ལོ་ལྔ་བཅུ་ང་དྲུག་དུས་སུ། ཤ་ཐུད་ལ་སོགས་པའི་བཟའ་བ་ཁལ་ལྔ་བཅུ་ང་གསུམ་བཀལ་ནས། སྲས་མོ་རྒྱན་ཆེན་དང་། བསོད་ནམས་རྒྱན་དང་། འབུམ་མཚོ་རིན་ཆེན་རྒྱན་དང་། དཔལ་ལྡན་རྒྱན་དང་བཞིས་མགོ་བྱས་པའི་བཙུན་མ་དང་བུད་མེད་བརྒྱ་དང་བཅུ་གསུམ།་་་་་་་་ཞེས་གསུངས། དེ་ཡང་སྤྱི་བཤད་ན་སྔོན་ལ་བཙུན་མ་མེད་པ་ཞིག་མ་རེད་ལ། སྔོན་ལ་བུད་མེད་བྱས་རྗེས་ཅན་ཡང་ཕེབས་མ་མྱོངས་བ་ཞིག་ཀྱང་ཅི་ལ་ཡིན། དཔེར་ན། རྒྱལ་སྲིད་ལོ་ངོ་སུམ་བཅུ་ཙམ་བཟུང་ནས་སྲིད་ཕྱོགས་ལ་བྱས་རྗེས་རླབས་ཆེན་འཇོག་མྱངས་མཁན་གྱི་འབྲོ་བཟའ་ཁྲི་མ་ལོད། ནང་བསྟན་ཆོས་ལུགས་ལ་བྱང་ཆུབ་ནས་དེའི་ཕྱོགས་ལ་བྱས་རྗེས་གལ་ཆེ་འཇོག་མྱངས་མཁན་གྱི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ།ན དཀའ་ངལ་ལ་མགོ་མི་སྒུལ་ཞིང་མདུན་བསྐྱོད་ཀྱི་སྤོབས་པ་ལྡན་པའི་རླབས་ཆེ་བའི་ཨ་མ་མྱངས་ཚ་དཀར་རྒྱན་ལ་སོགས་པ་བུད་མེད་རླབས་ཆེ་མང་པོ་ཞིག་བྱུང་མྱངས་ཡོད། ཡིན་ཡང་མ་ཅིག་ལབ་སྒྲོན་བཞིན་འདི་ལྟར་གཞི་རྒྱ་ཆེ་བའི་བཙུན་མ་དང་བུད་མེད་སློབ་མ་བསྡུས་ནས་ཆོས་གསུངས་པའམ་ཡང་ན་མཉམ་དུ་ཆོས་ཞུ་རུ་འགྲོ་ནས་བོད་བུད་མེད་ཀྱི་རིག་གནས་ཆུ་ཚད་ཇེ་མཐོར་བཏང་མཁན་ནི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད་སྙམ་བཞིན་ཡོད་ལ། དེའི་རྗེས་ནས་བཙུན་མའི་རྩ་འཛུགས་ཤིག་ཆགས་ནས་གཏན་འཁེལ་གྱི་དགོན་སྡེ་རུ་རིག་གནས་སྦྱོང་འགོ་བཙུགས་པ་ཡང་མ་ཅིག་ལབ་སྒྲོན་ལགས་ཀྱི་དྲིན་རེད་སྙམ་བཞིན་ཡོད། དེར་བརྟེན་མ་ཅིག་ལབ་སྒྲོན་མཆོག་གིས་དུས་རབས་བཅུ་གཅིག་པའི་སྐབས་སུ་བོད་སྤྱིའི་རིག་གནས་ཆུ་ཚད་ཇེ་མཐོར་བཏང་བ་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པ་དང་སྒོས་སུ་བུད་མེད་ཀྱི་རིག་གནས་ཆུ་ཚད་དང་བུད་མེད་ཀྱི་གོ་གནས་ཇེ་མཐོ་འགྲོ་བ་ལ་ཡང་བརྗེད་དུ་མེད་པའི་བྱས་རྗེས་རླབས་ཆེ་ཞིག་བཞག་ཡོད་པ་རེད།
--------------------------------------------------------------------------------
[1] མ་ཅིག་རྣམ་བཤད། ཆོས་ཀྱི་སེང་གེ་དང་གང་པ། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་། ༡༩༩༢ལོར ཤོག་གྲངས། ༣༠༦ནས་༣༠༧བར།
[2] མ་ཅིག་རྣམ་བཤད། ཆོས་ཀྱི་སེང་གེ་དང་གང་པ། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་། ༡༩༩༢ལོར ཤོག་གྲངས། ༣༡༡ནས་༣༡༣
[3] མ་ཅིག་རྣམ་བཤད། ཆོས་ཀྱི་སེང་གེ་དང་གང་པ། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་། ༡༩༩༢ལོར ཤོག་གྲངས། ༣༡༢
[4] མ་ཅིག་རྣམ་བཤད། ཆོས་ཀྱི་སེང་གེ་དང་གང་པ། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་། ༡༩༩༢ལོར ཤོག་གྲངས། ༣༡༦
[5] མ་ཅིག་རྣམ་བཤད། ཆོས་ཀྱི་སེང་གེ་དང་གང་པ། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་། ༡༩༩༢ལོར ཤོག་གྲངས། ༢༨༡ ༢༩༢
[6] དེབ་ཐེར་སྔོན་པོ། འགོས་ལོ་གཞོན་ནུ་དཔལ། སུ་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། ༡༩༨༥ལོར། ཤོག་གྲངས། ༡༡༤༣
[7] མ་ཅིག་རྣམ་བཤད། ཆོས་ཀྱི་སེང་གེ་དང་གང་པ། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་། ༡༩༩༢ལོར ཤོག་གྲངས། ༢༩༡
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com