མ་ཅིག་ལབ་སྒྲོན་གྱི་མཛད་རྗེས་ཀྱི་སྐོར་གླེང་བ། ༼༢༽
དུས་རབས་བཅུ་གཅིག་པ་ལ་བྱུང་བའི་མཁས་གྲུབ་གཉིས་ལྡན་གྱི་བུད་མེད་མ་ཅིག་ལབ་སྒྲོན་མཆོག་འདི་དེང་སང་བར་དུ་གྲུབ་མཐའ་རིས་མེད་ཀྱིས་དད་པ་བྱེད་ཡུལ་དུ་གྱུར་ཡོད་པ་མ་ཟད། དེང་སང་གི་མཁས་ཆེན་མང་པོས་ཞིབ་འཇུག་བྱ་ཡུལ་ཞིག་ཀྱང་གྱུར་ཡོད་པ་རེད། དེ་ཡང་ལོ་ངོ་དགུ་བརྒྱའི་སྔོན་དུ་བྱུང་བའི་བོད་ཀྱི་བུད་མེད་འདིས་ཡང་སྙིང་ཁོང་གི་རྗེས་རབས་པ་ལ་ཅི་ཞིག་བཞག་ཡོད་པ་དང་། མི་རིགས་འདི་ལ་ཅི་ཞིག་བཞག་ཡོད། མཛད་རྗེས་འདི་ཚོ་ཡང་ཁོང་གིས་མཁའ་འགྲོ་མ་ཞིག་ཡིན་པའི་ཆ་ནས་སྤྲུལ་པ་ཁོ་ན་ལ་བསྟེན་ནས་བཞག་པ་ཞིག་རེད་དམ། ཡང་ན་སྤྱི་བོ་ཕལ་པ་ཞིག་གིས་སྡུག་རུས་དང་བརྩོན་འགྲུས་ལ་བསྟེན་ནས་བཞག་པ་ཞིག་རེད། འདིའི་སྐོར་ལ་གཤམ་ནས་ཅུང་དཔྱད་པ་བྱའོ། །
བཞི་པ། ཕུང་པོ་གཟན་བསྒྱུར་གྱིས་གྲུབ་མཐའ་རིས་མེད་སྐོར་ལ་བཞག་པའི་མཛད་རྗེས་ཀྱི་སྐོར།
བོད་ཀྱི་ལོ་རྒྱུས་ཐོག་གྲུབ་མཐའ་ཡི་ཕྱོགས་རིས་ཀྱིས་བླ་ཆེན་དང་དགོན་ཆེན་མང་པོ་བར་ཕན་ཚུན་འགལ་བ་བྱུང་སྟེ་དགོས་མེད་ཀྱི་གྱོང་གུན་ཚབས་ཆེན་བྱུང་ལ། བོད་ནང་ཁུལ་གྱི་མཐུན་སྒྲིལ་ལ་ཡང་གནོད་པ་ཆེན་པོ་བཟོས་པ་རེད། ཇི་སྐད་དུ། བན་བོན་འཁྲུགས་པས་བོད་ཀྱི་ལོ་རྒྱུས་ཉམས། ། ཉམས་པའི་རྒྱུ་ཀུན་འཁྲུགས་པའི་ལས་ཀྱིས་བྱས། ། [1]ཞེས་གསུངས། དེ་ཡང་བཙན་པོ་ཁྲི་སོང་ལྡེ་བཙན་སྐབས་སུ་བན་བོན་གཉིས་བར་འགལ་བ་བྱུང་ནས་བོད་རང་ནས་དར་བའི་བོན་ཆོས་ཀྱི་དེབ་མང་པོ་མེ་ལ་བསྲེགས་ཤིང་ཆུ་ལ་བསྐུར་བའི་གནས་ཚུལ་མང་པོ་བྱུང་བས། དེ་ནི་དངོས་གནས་ཆེས་ཡིད་ཕངས་པ་དགོས་པ་ཞིག་རེད། གལ་ཏེ་བོན་དེབ་དེ་ཚོ་ད་ལྟའི་བར་དུ་ཡོད་ན། བོད་ཀྱི་འདས་ཟིན་པའི་ལོ་རྒྱུས་དང་རིག་གནས་སོགས་མང་པོ་ཞིག་བདེན་དཔང་ཐུབ་ཀྱིན་རེད་སྙམ་གྱིན་ཡོད། སྤྱི་ལོ་༡༢༩༠ལོའི་འབྲི་གུང་གླིང་ལོག་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་ནང་འཁྲུག་རྒྱ་ཆེ་ཤོས་ཤིག་རེད། ནང་འཁྲུག་འདིའི་གཙོ་བོའི་འབྱུང་རྐྱེན་ནི་ཆབ་སྲིག་ཀྱི་འགལ་བ་ཡིན་པ་བཤད་མ་དགོས་ཀྱང་། དེ་ལ་ཡང་གྲུབ་མཐའ་ཕྱོགས་རིས་ཀྱི་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་རེད། དེ་ཡང་སྦྱིན་པ་ནི་གཙོ་བོའི་གཙོ་བོ་དུ་འཛིན་ཞིང་ཐ་ན་ཕུང་པོ་ཡང་གཟན་དུ་བསྒྱུར་ནས་སྦྱིན་པ་གཏོང་བའི་མ་ཅིག་ལབ་སྒྲོན་མཆོག་གིས་གྲུབ་མཐའ་རིས་མེད་ཕྱོགས་ལ་བྱས་རྗེས་མི་དམན་པ་ཞིག་བཞག་ཡོད་སྙམ། སྤྱི་བཤད་ན་སྐབས་དེ་དུས་ཁོང་གི་མཚན་སྙན་དེ་མདོ་དབུས་ཁམས་གསུམ་དང་བལ་པོ་རྒྱ་གར་སོགས་ལ་ཡང་ཁྱབ་པས། རྒྱུ་དང་དབང་ཆ་རེ་བརྩོན་ལེན་བྱས་ནས་རྒྱ་ཆེ་བའི་དགོན་པ་རེ་ཕྱག་བཏབ་སྟེ་ཆབ་སྲིད་བསྐོར་གྱི་དབང་ཆ་རེ་བཟུང་ན་ཡང་ཧ་ཅང་སྟབས་བདེ་ཞིག་རེད་སྙམ་བཞིན་ཡོད། ཡིན་ཡང་མ་ཅིག་ལབ་སྒྲོན་མཆོག་གིས་རྒྱུ་དང་དབང་ཆ་དེ་ཐལ་བ་བཞིན་དུ་དོར་ནས་གནས་ངེས་མེད་དུ་ཕེབས་ཏེ་ཁོང་གིས་གསར་གཏོད་བྱེད་པའི་གཅོད་འདི་སྒོམ་ཉམས་ལེན་བྱས་པ་རེད། དེས་ན་སྐབས་དེ་དུས་ལ་མ་ཅིག་ལབ་སྒྲོན་ལ་དད་པ་བྱེད་མཁན་ཇེ་མང་དུ་སོང་པ་མ་ཟད་ད་ལྟའི་བར་དུ་གྲུབ་མཐའ་རིས་མེད་ཀྱི་མཁས་ཆེན་དང་བླ་སྤྲུལ་རྣམས་ཀྱིས་གུས་བཀུར་བྱེད་ཡུལ་དུ་གྱུར་ལ་སྒོམ་ཉམས་ལེན་བྱེད་པའི་གནས་སུ་ཡང་གྱུར་ཡོད། ཆབ་སྲིད་དང་རྒྱུ་ནོར་སོགས་ལ་བརྟེན་ནས་བཙན་གྱིས་གཅོད་སྦྱོང་དུ་བཅུག་པའམ་བཙན་གྱིས་གྲུབ་མཐའ་འདི་ལ་བསྒྱུར་མ་དགོས་པ་མང་ཚོགས་དང་གྲུབ་མཐའ་རིས་མེད་ཀྱི་བླ་སྤྲུལ་མཁས་ཆེན་རྣམས་ཀྱིས་ཕུང་པོ་གཟན་བསྒྱུར་གྱི་ཆོས་འདི་ལ་དད་པ་བྱེད་པ་འདི་ནི་མ་ཅིག་ལབ་སྒྲོན་གྱི་གྲུབ་མཐའ་རིས་མེད་ཕྱོགས་ལ་བཞག་པའི་མཛད་རྗེས་གལ་ཆེ་ཞིག་རེད་སྙམ་བཞིན་ཡོད་ལ། འདི་ལས་མ་ཅིག་ལབ་སྒྲོན་གྱི་སྲོལ་གཏོད་པའི་ཞི་བྱེད་གཅོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཀྱང་མཚོན་བཞིན་འདུག
ལྔ་པ། ནད་པ་གྲངས་མེད་སྡུག་བསྔལ་ལས་ཐར་བ་བྱས་ཏེ་བོད་ཀྱི་ཞི་བདེ་སྐོར་ལ་མཛད་རྗེས་བཞག་པའི་སྐོར།
ལོ་ངོ་དགུ་བརྒྱའི་སྔོན་དུ་བྱུང་བའི་མ་ཅིག་ལབ་སྒྲོན་མཆོག་གིས་གཅོད་ཡུལ་གྲུབ་མཐའི་སྲོལ་གཏོད་པ་མ་ཟད་ཁོང་གིས་ཐུན་མོང་མ་ཡིན་པའི་གཅོད་ཀྱི་རིག་གནས་འདི་ལ་བརྟེན་ནས་མདོ་དབུས་ཁམས་གསུམ་གྱི་ནད་པ་མང་པོ་ན་ཟུག་གི་སྡུག་བསྔལ་ལས་ཐར་བ་བྱས་པ་དང་ཁྱད་པར་དུ་མཛེ་ནད་ཀྱིས་ན་བའི་ནད་པ་གྲངས་ལས་འདས་པ་ཞིག་ནད་ལས་དྲག་པ་བྱེད་པས། ཇི་སྐད་དུ། མ་ཅིག་གིས་བཀའ་ཕབ་པའི་གང་ཟག་བཅུ་དྲུག་ལ་སོགས་པའི་སྟོང་དང་ཉིས་བརྒྱ་དང་དྲུག་ཅུ་རྩ་གསུམ་སྨིན་ཅིང་གྲོལ་ནས་འགྲོ་བ་གཞན་ལ་ཡང་ཕན་ཐོགས་ནུས་པ་བྱུང་། གཞན་ཡང་མཛེ་སྨིན་མ་བཞི་བརྒྱ་དང་ཉི་ཤུ་རྩ་བདུན་ལེགས་པར་སོས་ཏེ། སྔར་གྱི་ཤ་ཚད་ལ་ཕྱིན་པ་ལ་སོགས་པའི་ནད་དང་གདོན་གྱིས་ཉེན་པ་གྲངས་ལས་འདས་པ་ལ་ཕན་ཐོགས་པ་དང་་་་་་[2]ཞེས་གསུངས། འདི་ནི་ལོ་ངོ་དགུ་བརྒྱ་སྔོན་དུ་བྱུང་བའི་བུད་མེད་སྤྱི་བཏང་བ་ཞིགརེད། འདིས་ལོ་ངོ་དགུ་བརྒྱ་སྔོན་དུ་མཛེ་ནད་ཀྱིས་ཟིན་པའི་ནད་པ་མང་པོ་ཞིག་སྡུག་བསྔལ་ལས་ཐར་བྱས་པ་དང་ཁོ་ཚོ་ལ་ཡང་བསྐྱར་དུ་འཇིག་རྟེན་གསར་པ་ཞིག་བསྐྲུན་པ་རེད། དེས་ན་ཁོང་གིས་གཅོད་ཡུལ་གྱི་གྲུབ་མཐའ་སྲོལ་གཏོད་པས་སྐབས་དེ་དུས་དང་ད་ལྟ་བར་དུ་བླ་སྤྲུལ་མང་པོས་བསྟོད་བསྔགས་བྱེད་ས་དང་དད་ཡུལ་དུ་གྱུར་ལ། ཁོང་གིས་སེམས་ཅན་ཐམས་ཅད་ཕ་མ་རུ་སྒོམ་ནས་ཀུན་གྱིས་དོགས་འཛེར་བྱེད་པའི་ནད་པ་མང་པོ་སྐྱོར་པས་རྗེས་རབས་པས་ཁོང་གི་མཛད་རྗེས་དེ་ལ་བསྟོད་མངགས་ཀྱི་མཆོད་པ་འབུལ། དེ་ཡང་ཇི་སྐད་དུ། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་བདུན་བཅུ་དོན་དགུ་ལོ་ལ། རྒྱ་གར་གྱི་གནམ་བདག་ཆོས་ཚོགས་ཀྱི་དགེ་སྒྲུབ་མ་ཐེ་ལི་ཟངས་(Terlsa)ཀྱིས་ཅ་ཨེ་ཀེ་ཏྰ་རུ་མི་དམངས་རྣམས་ལ་མཛེ་ནད་བཅོས་པས། ནོལ་པེར་གྱི་ཞི་བདེའི་བྱ་དགའ་ཐོབ་པ་རེད། དེའི་ཐོག་ནས་བཤད་ན། མ་ཅིག་ལབ་སྒྲོན་ནི་དུས་རབས་བཅུ་གཅིག་པ་ནས་བོད་དུ་བྱུང་བའི་མ་ཐེ་ལི་ཟངས་(Terlsa)རེད། [3] ཞེས་གསུངས། ང་ཚོས་གོང་གི་ལུང་འདི་ལས་ཀྱང་རྗེས་རབས་མཁས་པ་ཚོས་མ་ཅིག་ལབ་སྒྲོན་ལ་འཛིན་པའི་རྣམ་འགྱུར་དེ་མཚོན་བཞིན་འདུག ལོ་ངོ་དགུ་བརྒྱ་སྔོན་ལ་རང་གིས་སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱོང་ཐོབ་ཀྱི་བརྩོན་འགྲུས་ལ་བརྟེན་ནས་ནང་དོན་རིག་པ་གཙོ་བྱས་པའི་རིག་གནས་ཁག་སྦྱོང་པ་དང་། དེ་ཡང་རིག་པ་དཔེ་ཐོག་ལུས་ཀྱང་ལག་ལེན་དཀའ་ཟེར་བའི་དཔེ་ལྟར་མ་ཡིན་པ། མ་ཅིག་ལབ་སྒྲོན་མཆོག་གིས་རང་གིས་སྦྱོང་བའི་རིག་གནས་དེ་འཚོ་བའི་དངོས་ནང་བེད་སྤྱད་དེ་མཐོང་རྒྱུ་དང་རིག་རྒྱུ་ཡོད་པའི་གནད་དོན་མང་པོ་ཞིག་ཐག་བཅད་ཡོད་པས་འདི་ནི་ཁོའི་ཐུན་མིན་གྱི་མཛད་རྗེས་ཤིག་ཡིན་ངེས་ལ། ང་ཚོས་བོད་རིག་པ་མཁས་ཅན་ཚོ་དང་བོད་ཀྱི་གསོ་རིག་མཁས་ཅན་རྣམས་ཀྱིས་མ་ཅིག་ལབ་སྒྲོན་མཆོག་གིས་ལོ་ངོ་གཅིག་སྟོང་སྔོན་དུ་ཅིག་ལྟར་བྱས་ནས་མཛེ་ནད་དེ་བཅོས་པ་ཡིན་པའི་སྐོར་ལ་ཞིབ་འཇུག་རེ་བྱས་ན་ཡང་རིན་ཐང་ཧ་ཅང་ཆེན་པོ་འདུག་ལ། ཁྱད་པར་དུ་སྲོལ་རྒྱུན་གྱི་རིག་གནས་འདི་དག་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱ་རྒྱུ་ནི་ང་ཚོ་རྗེས་རབས་པ་ཚོས་དོར་དུ་མེད་པའི་ལས་འགན་ཞིག་ཀྱང་ལས་ཡིན།
དྲུག་པ། རླབས་ཆེ་བའི་ཨ་མ་ལབ་སྒྲོན་གྱིས་ཁྱིམ་ཚང་གི་སློབ་གསོའི་ཐད་ལ་བཞག་པའི་མཛད་རྗེས།
མ་ཅིག་ལབ་སྒྲོན་གྱིས་གྲྭ་པ་མངོན་ཤེས་ཅན་དང་བསོད་ནམས་བླ་མ་རྣམ་གཉིས་ཀྱི་མདུན་ནས་ཐུན་མིན་གྱི་རིག་གནས་གང་མང་སྦྱོང་ཏེ་གཅོད་ཡུལ་འདི་སྲོལ་གཏོད་པ་དང་། དེ་ནས་བོད་རང་ནས་དར་བའི་གཅོད་འདི་རྒྱ་གར་དང་བལ་པོ་སོགས་སུ་དར་ནས་བོད་ཀྱི་རིག་གནས་འདི་ཐོག་མར་གཞི་རྒྱ་ཆེ་བའི་ངང་ནས་ཕྱིའི་རྒྱལ་ཁབ་ལ་ཁྱབ་བསྒྲགས་བྱེད་པ་དང་། དགེ་བའི་བཤེས་གཉེན་ཞིག་གིས་ཆ་ནས་སློབ་མ་ཧ་ཅང་མང་པོ་ལ་གཅོད་ཁྲིད་པ་དང་། གཅོད་ཡུལ་གྱི་སྙིང་དོན་ལ་བྱང་ཆུབ་པའི་མཁས་མཆོག་ཞིག་གི་ངོས་ནས་མདོ་དབུས་ཁམས་གསུམ་གྱི་མཛེ་ནད་ཅན་མང་པོ་ཞིག་ནད་ལས་ཐར་བ་བྱས་པ། བུད་མེད་ཅིག་ཡིན་པའི་ཆ་ནས་མ་ཅིག་ལབ་སྒྲོན་གྱི་སྔོན་ལས་གཞི་རྒྱ་ཆེ་བའི་བཙུན་མ་མང་པོ་བསྡུས་ནས་ཞི་བྱེད་གཅོད་སྐོར་སློབ་ཁྲིད་བྱེད་པ་མ་ཟད་། སློབ་མ་ཚོ་དང་མཉམ་དུ་མདོ་དབུས་ཁམས་གསུམ་གྱི་བཤེས་གཉེན་མང་པོའི་མདུན་དུ་སློབ་གཉེར་བྱེད་པ་ལ་སོང་བ་རེད། འདི་ཚོ་ནི་མ་ཅིག་ལབ་སྒྲོན་གྱི་ལོ་རྒྱུས་ཐོག་སུབ་ཏུ་མེད་པའི་བྱས་རྗེས་གལ་ཆེ་དག་རེད། ད་དུང་མཁས་པའི་དབང་པོ་འདི་ཡིས། མ་འགག་མོས་གེ་སར་སྐྱོང་བ་དང་། མྱངས་ཚ་དཀར་རྒྱན་གྱི་མི་ལ་རས་པ་གསོ་སྐྱོང་བྱས་པ་ལྟར། སྲས་རྒྱལ་བ་དོན་འགྲུབ་དང་། ཐོད་སྨྱོན་བསམ་འགྲུབ། སྲས་མོ་ལབ་འདུལ་སྒྲོན་མ་རྣམ་གསུམ་རང་གི་གཅོད་ཀྱི་རྒྱུད་འཛིན་པ་རུ་གསོ་སྐྱོང་བྱས། ཇི་སྐད་དུ། དགུང་ལོ་ཉི་ཤུ་རྩ་གསུམ་དུས་བྷ་དྲ་ཡང་དང་ལྷན་གཅིག་ཏུ་བསྡད་དེ་དབུས་སུ་མར་བྱོན་ཉི་ཤུ་རྩ་བཞི་ལ་སྲས་གཅིག་སྐུ་འཁྲུངས་ཏེ། ། ད་ལུང་བསྟན་ཐམས་ཅད་ཀྱི་དོན་གྲུབ་པས་བུ་འདི་ལ་གྲུབ་པ་བཏགས་པོ་གསུངས་ནས། མིང་གྲུབ་པ་ཞེས་བཏགས་སོ། ། དེ་ནས་དབུས་གཙང་གཉིས་ཀྱི་མི་ཐམས་ཅད་འབར་ནས་མི་ཁ་ལ་བྱོལ་ལོ་གསུངས་ནས་དྭགས་པོར་བྱོན་ཏེ། དེ་ནས་ཉིང་བོར་ལོ་གཅིག་བཞུགས། [4]ཞེས་གསུངས། འདི་བཞིན་མ་ཅིག་ལབ་སྒྲོན་གྱིས་རང་གི་བྱིས་པ་རྣམས་བདེ་བླག་ངང་འཚར་ལོངས་ཡོང་ཆེད་དཀའ་ངལ་སོགས་ལ་མ་འཛེར་ནས་མི་ཁ་ནག་པོ་མེད་པའི་ས་ཆ་གཞན་དག་ལ་ཕེབས་པ་རེད། ད་དུང་བྱིས་པ་རྣམ་གསུམ་ལོ་ཆུང་ཆུང་དུས། ཁྱོ་ཀ་ཐོད་པ་བྷ་དྲ་ནི་ཕྱི་རྒྱ་གར་དུ་སོང་བས། དེ་ནས་བཟུང་མ་ཅིག་ལབ་སྒྲོན་གྱིས་སྲས་དང་སྲས་མོ་གསུམ་དེ་ཁོ་རང་གཅིག་པུ་ཡིས་གསོ་སྐྱོང་བྱས་པ་རེད། དེ་ཡང་སྲས་དང་སྲས་མོ་རྣམ་གསུམ་འཚར་ལོངས་བྱུང་བའི་བརྒྱུད་རིམ་ཁྲོད་མ་ཅིག་ལབ་སྒྲོན་དཀའ་ངལ་མང་པོ་འཕྲད་ན་ཡང་སྙིང་སྟོབས་དང་སྤོབས་པ་ལྡན་པའི་ཨ་མ་སྤྱི་བཏང་བ་འདིས་སྲས་དང་སྲས་མོ་རྣམས་ཀྱི་ཆེད་དུ་དཀའ་བ་ཁྱད་དུ་གསོད་ངལ་བ་དང་དུ་ལེན་ནས། མཇུག་མཐར་གཅོད་ཡུལ་གྱི་རྒྱུན་འཛིན་པ་གཙོ་བོ་གསུམ་དུ་ཆགས་པ་རེད། ཇི་སྐད་དུ། མ་ཅིག་གི་ཐུགས་ལ་ཡོད་ཚད་ཀྱི་ཆོས་མདོ་སྔགས་གཉིས་ཟུང་འཇུག་དང་གསུམ་གྱི་གདམས་པ་མ་ལུས་པ་ཐམས་ཅད་ཐོད་སྨྱོན་ཀྱིས་ཐུགས་སུ་ཆུད་པར་བྱས། བཀའ་བརྒྱུད་དོན་གྱི་མན་ངག་ལས་བྱུང་བའི་ཕར་ཕྱིན་སྐོར་གྱི་མན་ངག་ཟབ་པའི་དོན་གནད་ཀྱི་གདམས་པ་ཐུན་མོང་མ་ཡིན་པ་དང་བཅས་པ་ཕར་ཕྱིན་གྱི་སྐོར་ལ་མ་ལུས་པ་ཐམས་ཅད་སྲས་རྒྱལ་བ་དོན་འགྲུབ་ཀྱིས་ཐུགས་སུ་ཆུད་པར་བྱས། མདོ་སྔགས་ཟུང་འཇུག་གི་སྐོར་དང་ཐུགས་ལས་འཁྲུངས་པའི་མྱོང་ཆོས་ཀྱི་སྐོར་དང་། མ་རྒྱུད་མཁའ་འགྲོའི་དབང་བཞིའི་ཟབ་ལས་དང་། སྒྱུ་འཕྲུལ་ཆེན་མོ་དང་། བླ་མའི་རྣལ་འབྱོར་ཟབ་ལས་དང་། རིགས་གསུམ་མགོན་པོའི་སྒོ་ནས་དམིགས་པ་སྐོར་གསུམ་དང་། ཁྱད་པར་དུ་སྤྱན་རས་གཟིགས་སྒོམ་པའི་མན་ངག་དང་། རིན་པོ་ཆེའི་རྒྱ་མདུད་མ་དང་། རྡོ་རྗེའི་ཚིག་རྐང་དང་། དེ་རྣམས་ལྷག་ལུས་མེད་པར་སྲས་མོ་རྒྱན་བཞི་དང་། ཁུ་བསྒོམ་ཆོས་ཀྱི་སེངྒེ་དང་ལྔས་ཐུགས་སུ་ཆུད་པར་བྱས།[5]ཞེས་གསུངས། གོང་གི་ལུང་འདི་ལས་མ་ཅིག་ལབ་སྒྲོན་མཆོག་གིས་རང་གི་རིག་གནས་ཡོད་ཚད་དེ་ལྷག་ལུས་མེད་པ་རང་གི་སྲས་རྣམས་ལ་ཁྲིད་དེ་ཁོང་དུ་ཆུད་བཅུག་ཡོད་པས། སྐབས་དེ་དུས་དང་རྗེས་རབས་ཕ་མ་རྣམས་ཀྱི་མིག་དཔེ་རུ་གྱུར་ལ། དེང་སང་གི་ཐ་སྙད་ཅིག་བེད་སྤྱད་ནས་བཤད་ན་མ་ཅིག་ལབ་སྒྲོན་གྱིས་ཁྱིམ་ཚང་གི་སློབ་གསོ་ཐད་ལ་བྱས་རྗེས་གལ་ཆེ་འཇོག་ཡོད་པ་རེད། གལ་ཏེ་དེང་སང་གི་སྤྱི་བཏང་གི་ཨ་མའམ་མཁས་པའི་དབང་པོ་རྣམས་ཀྱིས་རང་གི་སྲས་དང་སྲས་མོ་རྣམས་ལ་འདི་འདྲའི་ཁྱིམ་ཚང་གི་སློབ་གསོ་ཞིག་བསྐྲུན་ཐུབ་ན་མི་རིགས་འདི་འཕེལ་རྒྱས་སམ་རིག་གནས་འདི་དར་རྒྱས་འགྲོ་བ་འདི་དེ་འདྲའི་དཀའ་མོ་ཞིག་ཅི་ཡིན་ཞེས་བཤད་ཕོད་པ་ཞིག་རེད།
བདུན་པ། མ་ཅིག་ལབ་སྒྲོན་གྱིས་ཁོར་ཡུག་སྲུང་སྐྱོབ་ཐད་བཞག་པའི་མཛད་རྗེས་སྐོར།
མ་ཅིག་ལབ་སྒྲོན་མཆོག་གིས་ཕུང་པོ་གཟན་བསྒྱུར་གྱི་གདམས་པ་ཕྱག་ལེན་མཛད་ཅིང་གཅོད་གཏོང་བའི་སྲོལ་དེ་དར་ཁྱབ་ཆེན་པོ་བྱུང་ཡོད་པ་དང་། དེ་ནས་བཟུང་མ་ཅིག་གི་མཚན་སྙན་གྲགས་དེ་ཁ་བའི་ལྗོངས་གཙོ་བྱས་པའི་རྒྱ་གར་དང་བལ་པོ་ལ་ཡང་ཁྱབ་པ་བྱུང་བས། མ་ཅིག་གི་སྲོལ་གཏོད་པའི་གཅོད་ལ་ཡང་ཉམས་ལེན་བྱེད་མཁན་རིམ་གྱིས་ཇེ་མང་བྱུང་བ་དང་། བོད་ཀྱི་སྤྱི་ཚོགས་ཀྱི་འཚོ་བ་ལ་ཡང་རིན་བཞིན་ཤུགས་རྐྱེན་ཆེན་པོ་ཐེབས་པ་རེད། དེ་ཡང་མ་ཅིག་ལབ་སྒྲོན་གྱི་ཕར་བྱིན་དྲུག་ལས་སྦྱིན་པ་ཡང་གཙོ་བོར་འཛིན་ནས། ཐ་ན་རང་གི་ཕུང་པོ་ཡང་གཟན་དུ་བསྒྱུར་ནས་སྦྱིན་པ་གཏོང་བའི་སྲོལ་ཞིག་ཆགས་པ་རེད། ཇི་སྐད་དུ། སྲུངས་ཤིག་སྐྱོབས་ཤི་བརྒྱ་བྱས་པས། ། ཟོ་ཅིག་ཁྱེར་ཅིག་གཅིག་གི་དགའ། ། ལུས་སྲོག་གཟན་དུ་བོར་བ་ན། ། སྲུང་འཁོར་བརྟགས་ཏུ་མེད་པ་ཡིན། ། ཀུ་ས་ལ་ཡི་ཚོགས་བསོགས་དེ། ། ཚོགས་བསོགས་བརྒྱ་ཡི་དོ་ཟླ་མིན། ། ཉམས་ལེན་དཀར་འགྱེད་དམར་འགྱེད་དེ། ། སྟོན་མོ་བརྒྱ་ཡི་དོ་ཟླ་མིན། ། ཕུང་པོ་ཤ་ཁྱེར་ཁྲག་ཁྱེར་དེ། ། རིམ་གྲོ་བརྒྱ་ཡི་དོ་ཟླ་མིན། ། [6]ཞེས་གསུངས། གོང་གི་ལུང་འདི་ལས་མ་ཅིག་ལབ་སྒྲོན་ནས་ཕུང་པོ་བྱ་ལ་གཏོར་བ་དེ་དར་སྲོལ་ཆེན་པོ་བྱུང་ཡོད་པ་གསལ་པོ་ཤེས་ཐུབ། སྤྱི་བཤད་ན་བོད་ཀྱི་ཕུང་པོ་བྱ་གཏོར་གྱི་སྲོལ་དེ་གནམ་གྱི་ཁྲི་བདུན་སྐབས་ནས་བྱུང་བ་ཡིན་པ་དང་། དེ་ནི་བོད་རང་ནས་བྱུང་བའི་བོན་ཆོས་ལས་བྱུང་བ་རེད་ཅེས་བཤད་ཀྱིན་འདུག ཡིན་ཡང་གྲི་གུམ་བཙན་པོའི་རྗེས་ནས་གོམས་སྲོལ་དེ་ཡང་རིམ་གྱི་ཉམས། དེ་ཡང་དུས་རབས་བཅུ་གཅིག་པ་ལ་མ་ཅིག་ལབ་སྒྲོན་གྱི་གཅོད་ཡུལ་བའི་གྲུབ་མཐའ་འདི་སྲོལ་གཏོད་ནས་བཟུང་། ཕུང་པོ་བྱ་གཏོར་གྱི་ལུགས་སྲོལ་རིམ་བཞིན་དར་ཁྱབ་ཆེན་པོ་བྱུང་ཡོད་པ་རེད། དེས་ན་མ་ཅིག་ལབ་སྒྲོན་གྱི་ཆོས་ལུགས་ཕྱོགས་ཕུད་བོད་ཀྱི་སྤྱི་ཚོགས་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད་པ་ད་ལྟའི་བར་དུ་རྒྱུན་འཁྱོངས་བྱེད་པའི་ཕུང་པོ་བྱ་གཏོར་ལས་ཧ་ཅང་གསལ་པོ་ཤེས་ཐུབ། དེའི་ཕྱིར་མ་ཅིག་ལབ་སྒྲོན་གྱི་ཁོར་ཡུག་སྲུང་སྐྱོབ་ཐད་ལ་ཡང་བྱས་རྗེས་བླ་ན་མེད་པ་ཞིག་བཞག་ཡོད། དཔལ་འབྱོར་འཕེལ་རྒྱས་དེ་དབྱར་གྱི་རྒྱ་མཚོ་བཞིན་དུ་ཇེ་རྒྱས་འགྲོ་བ་དང་བསྟུན་ཁོར་ཡུག་བཙོག་སྐྱོན་ཡང་ཉིན་རེ་ནས་ཉེན་རེ་ཚབས་ཇེ་ཆེ་ལ་འགྲོ་བཞིན་ཡོད་པ་རེད། ད་དུང་སའི་གོ་ལ་འདི་གཏན་འཁེལ་ཡིན་པའི་གནས་ཚུལ་འོག་འཛམ་གླིང་གི་མི་འབོར་ཇེ་མང་ནས་ཇེ་མང་འགྲོ་བཞིན་པའི་དུས་འདི་ལ། ད་དུང་ཡང་མི་ཤི་རྗེས་བང་སོ་རུ་སྦས་པའི་ལུགས་སྲོལ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་འདིས་སའི་གོ་ལའི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པ་རེད། དེས་ན་མ་ཅིག་ལབ་སྒྲོན་ཕུང་པོ་གཟན་བསྒྱུར་གྱི་ཆོས་ལས་བྱུང་བའི་ཕུང་པོ་བྱ་གཏོར་གྱི་ལུགས་འདིས་ཁོར་ཡུག་སྲུང་སྐྱོབ་ལ་ལེགས་སྐྱེས་རླབས་ཆེན་ཞིག་འབུལ་ཡོད། དཔེ་སྔོན་མ་བོད་ལ་མཚོན་ན་ཡང་གོང་རྒྱལ་པོ་ནས་མཐའ་མང་ཚོགས་དཀྱུས་མ་ཡན་ཚང་མ་བང་སོང་དུ་སྦས་པ་མ་ཟད་ད་དུང་མཉམ་དུ་རྒྱུ་ནོར་མང་པོ་སྦས། འདི་གཅིག་ནས་ཁོར་ཡུག་སྐྱོབ་ལ་གཏོར་བརླག་ཚབས་ཆེན་གཏོང་ཡོད་པ་མ་ཟད་རྒྱུ་ནོར་ཐད་ལ་ཡང་འཕྲོག་བརླག་ཆེན་པོ་བཏང་ཡོད་པ་རེད། ད་དུང་བོད་ལ་མཚོན་ན་ཕུང་པོ་མེ་ལ་བསྲེགས་པ་དང་། ཕུང་པོ་ཆུ་ལ་བསྐུར་བ་སོགས་ཀྱི་ལུགས་སྲོལ་མང་པོ་ཡོད་ཀྱང་། འདི་དག་གིས་ཀྱང་ཁོར་ཡུག་ལ་འབག་བཙོག་ངེས་ཅན་ཞིག་ཐེབས་ངེས་པས། ཕུང་པོ་བྱ་ལ་གཏོར་བ་འདི་ནི་ཆོས་ལུགས་ཕྱོགས་ནས་བཤད་ན་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་ཕན་ཐོགས་ཆེན་པོ་ཡོད་པ་དང་། འཇིག་རྟེན་མི་ཆོས་ཀྱི་ཕྱོགས་ནས་བཤད་ན་ཡང་ཁོར་ཡུག་སྲུང་སྐྱོབ་ཐད་ལ་ནུས་པ་ཆེན་པོ་ཐེབས་ཡོད་པ་རེད། ཁྱད་པར་དུ་ཁོར་ཡུག་འབག་བཙོག་ཚབས་ཆེན་ཐེབས་ནས་སའི་གོ་ལའི་ཚེ་སྲོག་ལ་ཉེན་པ་ཆེན་པོ་བཟོ་བའི་དེ་རིང་། རྒྱལ་ཁབ་སོ་སོའི་ཁོར་ཡུག་སྲུང་སྐྱོབ་འདི་གལ་ཆེ་ནང་གི་དོན་ཆེན་དུ་འཛིན་ནས་དངོས་ཐོག་དོན་ཡོད་ཀྱི་བྱ་བ་མང་པོ་བསྒྲུབས་དང་སྒྲུབ་བཞིན་པའི་དེ་རིང་། ༢༠༡༢ཞེས་པའི་གློག་བརྙན་ཞིག་བཏང་ནས་འཛམ་གླིང་འདི་འུར་ཟིང་ཟིང་དུ་བྱས་པའི་དེ་རིང་ལ། ལོ་ངོ་དགུ་བརྒྱ་སྔོན་དུ་བྱུང་བའི་བོད་ཀྱི་བུད་མེད་ཅིག་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་བཞག་པའི་མཛད་རྗེས་འདི་མཐོང་དུས། དེ་རིང་ལ་ཡང་ཕུང་པོ་དེ་བྱ་ལ་གཏོར་བའི་ལུགས་སྲོལ་རྒྱུན་མཐུད་བྱེད་བཞིན་ཡོད་པ་དེ་ཤེས་དུས། མཛད་རྗེས་འདི་ཡིག་ཐོག་ཏུ་བཀོད་ནས་བཀའ་དྲིན་རེ་ཞུ་རྒྱུ་དང་ཁོང་གི་ལུགས་བཟང་འདི་མི་རིགས་གཞན་དག་ལ་ཡང་ཁྱབ་བརྡལ་དང་ཁྱབ་སྤེལ་བྱེད་རྒྱུ་ནི་ང་ཚོས་འོས་འགན་ཞིག་ཡིན་ལ། འདི་ནི་སའི་གོ་ལ་འདིའི་ཐོག་ཏུ་འཚོ་གནས་བྱེད་པའི་མི་ཀུན་གྱི་འོས་འགན་ཞིག་རེད་ཟེར་ན་ཡང་མི་འགྲིག་པ་ཅི་ཡོད།
--------------------------------------------------------------------------------
[1] ཐུབ་བསྟན་ཕུན་ཚོགས། ལོ་རྒྱུས་པདྨ་རྰ་གའི་ལྡེ་མིག མི་རིགས་དཔེ་བསྐྲུན་ཁང་། ༢༠༠༦ལོར། ཤོག་གྲངས། ༡
[2] མ་ཅིག་རྣམ་བཤད། ཆོས་ཀྱི་སེང་གེ་དང་གང་པ། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་། ༡༩༩༢ལོར ཤོག་གྲངས། 319
[3] 德吉卓玛. 藏传佛教出家女性研究[J] 北京 :社会科学文献出版社 2003年2月 P189
(原文)1979年,印度天主教修女特蕾莎在加尔各答为人们医治麻风病,获得了诺贝尔和平奖。依此意义可以说,玛久拉仲是早在公元11世纪就出现在藏地的“特蕾莎”
[4] མ་ཅིག་རྣམ་བཤད། ཆོས་ཀྱི་སེང་གེ་དང་གང་པ། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་། ༡༩༩༢ལོར ཤོག་གྲངས། ༢༨༥
[5] མ་ཅིག་རྣམ་བཤད། ཆོས་ཀྱི་སེང་གེ་དང་གང་པ། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་། ༡༩༩༢ལོར ཤོག་གྲངས༣༡༨
[6] རྗེར་རང་བྱུང་རྡོ་རྗེ། རྗེར་རང་བྱུང་རྗོ་རྗེའི་མཛད་པའི་གཅོད་ཀྱི་ཚོགས་ལས་རིན་པོ་ཆེའི་ཕྲེང་བ་འདོན་བསྒྲིགས་བལྟས་ཆོག་ཏུ་བཀོད་པའི་དཀར་ཆག་བཞུགས་སོ། ། ཤིང་པར། ཤོག་གྲངས། ༢༠༥
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com