“ཅན་བཅུའི”ཏང་འཛུགས་ཀྱི་བསམ་ཕྱོགས་གཙོ་བོ།

རྩོམ་པ་པོ།: ཡོང་ཁུངས།:ཡོངས་འཛིན་དྲ་བ། དུས་ཚོད།:2026-05-06 23:28:42 ཀློག་གྲངས།:
       (གཅིག) ཏང་འཛུགས་ཁ་ཕྱོགས“དུས་རབས་ཅན”དུ་འགྱུར་བ། ཏང་འཛུགས་དུས་རབས་ཅན་གྱི་སྲོག་ཤིང་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ། ཏང་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ། མི་རེ་རེའི་དོན་འཁྱོལ་བྱེད་པ། དུས་རབས་ཀྱི་བླང་བྱ་དང་བསྟུན་པ། དུས་རབས་ཀྱི་བརྗོད་གཞིར་འཇུག་པ། ལག་ལེན་གྱི་བྱེད་ཐབས་སྤྱད་དེ་ཏང་འཛུགས་སྐྱོང་གི་ལས་དོན་དུས་བསྟུན་མདུན་སྐྱོད་ཀྱིས་དྲང་སྲུང་གསར་གཏོད་བྱེད་པ། གཞུང་ལུགས་སློབ་སྦྱོང་དུས་རབས་ཅན་དང་བསམ་བློའི་མཛུབ་ཁྲིད་དུས་རབས་ཅན། རྩ་འཛུགས་འཛུགས་སྐྲུན་དུས་རབས་ཅན། བྱེད་ཐབས་ཐབས་ཤེས་དུས་རབས་ཅན། ལས་སྒྲུབ་བྱས་འབྲས་དུས་རབས་ཅན། བསམ་བློ་གསར་བ་དང་དགོངས་དོན་གསར་བར་སློབ་སྦྱོང་བྱེད་པར་ནར་འགྱངས་མེད་པ། དུས་རབས་གསར་བའི་ཏང་གི་གསར་གཏོད་གཞུང་ལུགས་ཀླད་པའི་དྲག་ཆས་སུ་སྤྱོད་པ་བཅས་ལྟེ་བར་བཟུང་སྟེ། རྒྱུན་སློབ་རྒྱུན་གསར་དང་སློབ་པ་འཇུག་སྐུལ། དུས་བསྟུན་མདུན་སྐྱོད་ཀྱིས་རྩ་འཛུགས་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་སྟེ། ཏང་རྩ་འཛུགས་ཀྱིས་དུས་རབས་ཀྱི་རྗེས་དམ་པོར་སྙེག་པ་དང་འཕེལ་རྒྱས་ལ་སྣེ་ཁྲིད། བྱེད་ཐབས་ཐབས་ལམ་ཇེ་ལེགས་སུ་བཏང་ནས་ཏང་འཛུགས་སྐྱོང་གི་ལས་ཕྱོད་དང་ནུས་པ་ཆེ་རུ་གཏོང་བ། དུས་རབས་གསར་བའི་བསམ་བློ་ཁྱབ་སྤེལ་གྱི་ཁྱད་ཆོས་དང་འཚམ་ཤིང་། གཙོ་རྒྱུགས་རིན་ཐང་དར་སྤེལ་གཏོང་བ་དང་དུས་རབས་ཀྱི་གཅིག་མཐུན་ངོས་འཛིན་གོང་བུར་འགྲིལ་དགོས།
       (གཉིས) ཏང་ནང་གཏན་འཁེལ“ལམ་ལུགས་ཅན”དུ་འགྱུར་བ། ཏང་འཛུགས་ལམ་ལུགས་ཅན་གྱི་གནད་འགག་ནི། ལམ་ལུགས་ཀྱིས་ལས་དོན་ལ་དོ་དམ་དང་། ལམ་ལུགས་ཀྱིས་དབང་ཆ་སྐྱོང་བ། ལམ་ལུགས་ཀྱིས་ལས་འཛིན་བྱེད་པ། ལམ་ལུགས་ཀྱིས་འགན་ལེན་བྱེད་པ་བཅས་བྱས་ཏེ། ཏང་འཛུགས་སྐྱོང་ལས་དོན་རྒྱུན་རྣམ་དང་ཡུན་ཕན་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེ་གཞི་རིམ་ཏང་འཛུགས་སྐྱོང་གི་ཕྱོགས་སོ་སོར་ཁྱབ་པར་བྱས་ཏེ། གཞུང་ལུགས་ལ་སློབ་སྦྱོང་དང་དབང་ཆ་འཁོར་སྐྱོད། དཔྱད་ཞིབ་གདེང་འཇོག འགན་འཁྲི་དོན་འཁྱོལ། འགན་སྲུང་ལམ་སྲོལ་སོགས་ལམ་ལུགས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མ་ལག་ཆ་ཚང་ཞིང་ཚན་རིག་དང་མཐུན་པ། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་ཏང་འཛུགས་སྐྱོང་བྱ་བའི་ལམ་ལུགས་མ་ལག་བཙུགས་ཏེ། ཏང་འཛུགས་སྐྱོང་ལས་ཀར་ཚད་གཞི་འཛིན་ས་དང་བདེན་ཡོད་བརྟེན་ཡོད་འགན་ལེན་གནང་སྟེ། རང་མོས་ཅན་དང་རྣམ་པ་ཅན་སོགས་ཀྱི་གནད་དོན་འབྱུང་བ་སྔོན་འགོག་བྱེད་དགོས།
       (གསུམ) གཅིག་གྱུར་སྐུལ་འདེད“མ་ལག་ཅན”དུ་འགྱུར་བ། ཏང་འཛུགས་སྐྱོང་མ་ལག་ཅན་དུ་གཏོང་བའི་གཙོ་གནད་ནི“ཁོངས་ཁུལ་ཕྲལ་གཅོད”དང་“རང་སྲིད་རང་སྐྱོང”གི་བཀག་རྒྱ་གཏོར་ནས་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་སྤྱི་ཡོངས་ཀྱི་ལས་གྲྭ་དང་། མ་ལག་ཅན་གྱི་ལས་གཞི། སྒོ་རྒྱག་ལས་གྲྭ་བཅས་སུ་བརྩིས་ནས་དམ་འཛིན་བྱས་ཏེ་གཅིག་གྱུར་འཆར་འགོད་དང་། གོང་འོག་མཉམ་འགུལ། གཞི་གཅིག་ཏུ་སྐུལ་འདེད་བཅས་བྱེད་ཐུབ་པ་བྱ་དགོས། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱས་ཏེ་གཞི་རིམ་གྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། སྣོད་བཅུད་སོགས་ཀྱི་ཁྱབ་ཁོངས་མ་ལག་བཅོས་སྐྱོང་ལ་དམིགས་ནས་ཁེ་ལས་ལས་ཁུངས་དང་ལས་དོན་ལས་ཁོངས། ཏང་སྲིད་དམག་དམངས་སློབ་སོགས་ཀྱི་ཁྱབ་ཁོངས་ཁག་གི་མ་དངུལ་ལེགས་ཆ་དང་། ཆ་འཕྲིན་གྱི་ལེགས་ཆ །ཤེས་ལྡན་མི་སྣའི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ། ཐབས་ལམ་གྱི་ལེགས་ཆ་སོགས་རྒྱུ་རྐྱེན་གཙོ་བོ་བསྡུ་སྒྲིལ་བྱེད་པར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་གཞི་རིམ་དུ་སྤེལ་བ་དང་མི་སྣ་གཞི་རིམ་དུ་བསྐྱོད་དེ་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་པ་དང་ལས་རིགས་སྡེ་ཁག་དག་ཞུགས་པའི“འགྱིགས་གཞོང་གཅིག”གི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱེད་དགོས།
       (བཞི།) བྱ་བའི་བྱེད་ཐབས“བྱེ་བྲག་ཅན”དུ་འགྱུར་བ། ཏང་འཛུགས་སྐྱོང་བྱེ་བྲག་ཅན་དུ་འགྱུར་བ་ཞེས་པ་ནི་སྤྱི་མཚན་གྱི་དོན་སྤྱི་དེ་ལས་འགན་བྱེ་བྲག་ཏུ་བསྒྱུར་བ་དང་། རྩ་དོན་གྱི་བླང་བྱ་དེ་བྱེད་ཐབས་དངོས་སུ་བསྒྱུར་བ། དམིགས་འབེན་གྱི་ཁ་ཕྱོགས་དམ་འཛིན་བྱས་ཆོག་པའི་དོན་དངོས་སུ་འགྱུར་བ་བཅས་ཡིན། མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་། ཆེས་ཐད་ཀར་དང་ཆེས་དོན་དངོས་དང་མཐུན་པའི་གནད་དོན་ལ་དམིགས་དགོས། ཏང་འཛུགས་སྐྱོང་གི“བརྗོད་བྱ་གཙོ་བོ”དེ“བྱེ་བྲག་ཅན་དུ”འགྱུར་དགོས་པ་དང་། ཐོན་སྐྱེད་དང་འཚོ་བའི་ལས་དོན་དང་ཉེ་བར་བཅར་དགོས། ཏང་འཛུགས་སྐྱོང་བྱ་རྒྱུ་དེ་བྱེ་བྲག་ཏུ་ལམ་བུ་ཞིག་བསྐྲུན་པ། རྩོད་གཞི་ཞིག་འདུམ་འགྲིག་བྱེད་པའི་ཁྲོད་ནས་མངོན་དགོས་པ་དང་། སྤྱི་མཚན་གྱི་ཏང་འཛུགས་སྐྱོང་གི་བླང་བྱ་དེ་ཞིབ་ཕྲའི“ལས་འགུལ་གྱི་གསལ་ཐོ”རུ་བསྒྱུར་དགོས། སྤྱི་ཁོག་གི་ཏང་འཛུགས་སྐྱོང་གི་བླང་བྱ་དེ་བཀོལ་སྤྱོད་ཐུབ་པ་དང་། ཚད་འབེབས་ཐུབ་པ། དོན་འཁྱོལ་བྱ་ཐུབ་པའི་བྱེ་བྲག་གི་ལས་འགན་དུ་བཏང་ནས། མང་ཚོགས་ཀྱིས་མཐོང་ཐུབ་པ་དང་རེག་ཐུབ་པ། བསྒྲུབ་ཐུབ་པ། ཕན་ནུས་ཡོད་པའི་ལས་འགུལ་གྱི་བརྒྱུད་རིམ་ཞིག་ཡིན་དགོས།
       (ལྔ།) ཏང་འཛུགས་སྐྱོང་གི་ཚད་གཞི“ཚད་ལྡན་ཅན”དུ་འགྱུར་བ། ཏང་འཛུགས་སྐྱོང་ཚད་ལྡན་ཅན་ཞེས་པ་ནི་ལམ་ལུགས་ལྟར་སྒྲུབ་པ་དང་། བྱ་རིམ་ལྟར་སྒྲུབ་པ། གོ་རིམ་ལྟར་སྒྲུབ་པ་བཅས་བྱས་ནས་ཏང་འཛུགས་སྐྱོང་གི་ལས་ཀའི་ཚད་གཞི་གཅིག་གྱུར་དང་། ལག་བསྟར་ཚད་ལྡན། དོན་ཐོག་ཏུ་འཁྱོལ་བ་བཅས་ལ་སྐུལ་འདེད་གཏོང་བར་ཟེར། རྩ་འཛུགས་འཛུགས་སྐྱོང་ཚད་ལྡན་ཅན་དང་། དཔུང་ཁག་འཛུགས་སྐྱོང་ཚད་ལྡན་ཅན། རྩ་འཛུགས་འཚོ་བ་ཚད་ལྡན་ཅན། ཐབས་ཇུས་གྲོས་མོལ་ཚད་ལྡན་ཅན་བཅས་སུ་འགྱུར་བར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། རྩ་འཛུགས་བཀོད་སྒྲིག་དང་། ཚན་ཁག་འཛུགས་སྐྲུན། ཏང་ཡོན་དོ་དམ། རྩ་འཛུགས་འཚོ་བ། འཁོར་སྐྱོད་འགན་ལེན་སོགས་ཀྱི་ལས་ཀའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ལྷུ་ཚིགས་ཁག་གི་ལས་ཀའི་ཚད་གཞི་ཁ་གསལ་བཟོ་བ་དང་། བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། ཞིབ་ཕྲའི་བླང་བྱ་བཟོ་བ། རིམ་ཁག་ཏང་རྩ་འཛུགས་དང་། ཏང་དོན་ལས་བྱེད་པ། ཏང་ཡོན་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁྲིའི་གསལ་ཐོ་གསལ་བོ་ཡིན་པ། ཏང་འཛུགས་སྐྱོང་གི་ལྷུ་ཚིགས་ཁག་དང་ཁྱབ་ཁོངས་ཁག་གི་ལས་ཀའི་གཟབ་ནན་རང་བཞིན་དང་ཚད་ལྡན་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས།
       (དྲུག) གནད་དོན་གྱི་ཁ་ཕྱོགས“གནད་འཁེལ་ཅན”དུ་འགྱུར་བ། ཏང་འཛུགས་སྐྱོང་གནད་འཁེལ་ཅན་ཞེས་པ་ནི་ཞིང་ཆུ་ཁ་ལ་གཡེང་བ་ལྟར་རྣམ་པ་ཙམ་གཙིགས་སུ་བཟུང་བ་ལས་ཕན་འབྲས་ལ་མཐོང་ཆེན་མི་བྱེད་པའི་གནད་དོན་ཐག་གཅོད་བྱས་ནས་ཏང་འཛུགས་སྐྱོང་ལས་དོན་དེ་དོན་དངོས་དང་མཐུན་པ་མ་ཟད། མང་ཚོགས་དང་ཉེ་བར་བཅར་བ། ཐོན་སྐྱེད་དང་འཚོ་བའི་ཕྱོགས་སུ་ཉེ་བར་བཅར་ཐུབ་པ་ཞིག་བྱ་དགོས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཁུལ་ཨུའི་འབྲེལ་ཡོད་གྲོང་གསེབ་དར་རྒྱས་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་དཔལ་ཡོན་སོགས་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དེ་གྲོང་གསེབ་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བར་ཟུང་འབྲེལ་བྱས་ནས“མང་ཚོགས་ལ་དགོས་མཁོ་གང་ཞིག་དགོས་ན་དེ་དོན་འཁྱོལ་བྱེད་པ་དང་། དགོས་མཁོ་གང་ཞིག་མེད་ན་དེ་ཐག་གཅོད་བྱེད་པའི”རྩ་དོན་ལ་བརྩི་སྲུང་བྱས་ཏེ་ཚོགས་སྤྱི་མི་འདྲ་བ་དང་དགོས་མཁོ་མི་འདྲ་བར་དམིགས་ནས་རིགས་དབྱེའི་ཇུས་བསྟར་བྱས་ཏེ་འགན་འཁྲིའི་གསལ་ཐོ་དང་། ལས་འགན་གསལ་ཐོ། ལམ་ལུགས་ཀྱི་གསལ་ཐོ་བཅས“གསལ་ཐོ”བཞི་འཐུས་ཚང་དུ་གཏོང་བ་དང་།“སུ་ཞིག་གིས་སྒྲུབ་པ་དང་།“ཅི་ཞིག་སྒྲུབ་པ”ཇི་ལྟར་སྒྲུབ་པ”བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། “འགན་འཁྲི་གནད་འཁེལ་དང་། ལས་འགན་གནད་འཁེལ། ཞབས་ཞུ་གནད་འཁེལ”བྱེད་དགོས།
       (བདུན།) འཚོལ་ཞིབ་རྣམ་པ“ས་ཁོངས་ཅན”དུ་འགྱུར་བ། ཏང་འཛུགས་ས་ཁོངས་ཅན་དུ་འགྱུར་བ་ནི་ཏང་འཛུགས་སྐྱོང་དང་དོན་དངོས་ཟུང་འབྲེལ་དམ་ཟབ་བྱས་ཤིང་། ས་གནས་དེའི་ཐོན་ཁུངས་བེད་སྤྱོད་ལེགས་པོ་དང་། ས་གནས་དེའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། ས་གནས་དེའི་མང་ཚོགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། ཏང་འཛུགས་སྐྱོང་གི་ཐད་ལ་ཡུལ་བབ་དང་བསྟུན་ནས་ཐབས་འདོན་དང་། མི་ལ་གཞིགས་ནས་འཚམ་མིན། བྱ་བའི་བབ་དང་བསྟུན་ནས་ལག་ལེན། དོན་དངོས་དོན་འཁྱོལ་སོགས་བྱེད་དགོས། མཚོ་ལྷོ་ཁུལ་རོང་འབྲོག་ས་ཁུལ་གྱི་ས་ཁོངས་ཆ་རྐྱེན་དང་། སྤྱི་ཚོགས་གོང་འཕེལ་གྱི་ཚད་གཞི། རིག་གནས་ཀྱི་འབྱུང་ཁུངས། མང་ཚོགས་ཀྱི་ནུས་པ། མང་ཚོགས་ཀྱི་གོམས་གཤིས། ཞབས་ཞུའི་ནུས་པ་སྒྲུབ་རྒྱ་སོགས་ས་ཁོངས་མི་འདྲ་བའི་ཁྱད་ཆོས་ལ་དམ་པོར་དམིགས་ཏེ། ཁྱད་ཆོས་དང་དངོས་ཡོད་དགོས་མཁོ་བཅོས་སྐྱོང་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་ཏང་འཛུགས་སྐྱོང་ལས་དོན་སྣེ་བསྲིང་བྱེད་པ། ཞབས་ཞུའི་གཞི་རྟེན་གསར་གཏོད་བྱེད་པ། ཞབས་ཞུ་བྱེད་སྟངས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཏང་གི་མགོ་ཁྲིད་འོག་གི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། སྐྱེ་ཁམས་སོགས་ཀྱི་ལས་དོན་ཁག་དངོས་སུ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ། ཏང་འཛུགས་སྐྱོང་ལ་ས་ཁོངས་ཀྱི་ཁྱད་ཆོས་དང་། ས་གནས་ཀྱི་བྲོ་བ་དང་དྲོད་སྐྱིད་སོགས་ལྡན་པར་བྱེད་དགོས།
       (བརྒྱད།) ཏང་འཛུགས་སྐྱོང་ནང་ཞུགས་ཚད“ཡོང་ཁྱབ་ཅན”དུ་འགྱུར་བ། ཏང་འཛུགས་ཡོངས་ཁྱབ་ཅན་དུ་འགྱུར་བ་ནི་མང་ཚོགས་ཅན་དུ་འགྱུར་བ་ཡིན་པས། མང་ཚོགས་ཀྱི་ཁྲོད་དུ་རྩ་བ་ཚུགས་དགོས་པ་དང་། མང་ཚོགས་ཉེ་བར་བཅར་བ། མང་ཚོགས་དང་མཐུན་པ། མང་ཚོགས་ལ་བརྟེན་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་བྱས་ཏེ། ཏང་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཇུག་མཐའི་སྨི་གཅིག”གི་འབྲེལ་བ་དེའང་ཉེ་རུ་བཏང་ནས། ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་དགོས། “ཏང་འཛུགས་སྐྱོང་ནི་ཏང་ཡོན་གྱི་བྱ་བ་ཡིན”ཞེས་པའི་བསམ་བློ་གཏོང་སྟངས་གཏོར་ནས་ཏང་གི་རྩ་འཛུགས་མང་ཚོགས་ཅན་དང་། རིགས་པའི་གཞུང་ལུགས་མང་ཚོགས་ཅན། དྲིལ་སྒྲོག་མང་ཚོགས་ཅན། བཅོས་སྐྱོང་མང་ཚོགས་ཅན། ཞུགས་པོ་མང་ཚོགས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་སྟེ། ཏང་གི་རིགས་པའི་གཞུང་ལུགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས“མི་སེར་དཀྱུས་མའི་ཁྱིམ་དུ་ཁྱབ”ཐུབ་པ་བྱེད་དགོས། མང་ཚོགས་ལས་བྱུང་བ་དང་མང་ཚོགས་ལ་འཇུག་པ་རྒྱུན་ཁྱོངས་དང་། ཏང་འཛུགས་སྐྱོང་དེ་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་ནང་འདྲེས་ལ། གཞི་རིམ་གྱི་མི་ཚང་མར་ཁྱབ་པ་མ་ཟད། མང་ཚོགས་གར་སྟེགས་སུ་བསྐྱོད་དེ། “ཟློས་གར་ལྟ་མཁན”ནས“འཁྲབ་གཞུང་རྩོམ་མཁན་དང་། འཁྲབ་ཁྲིད་པ། འཁྲབ་སྟོན་པ”སོགས་སུ་འགྱུར་བ་ལྟར། ཏང་འཛུགས་སྐྱོང་གི་ལས་དོན་དེ“ཏང་ནང་འཛུགས་སྐྱོང”ནས“དམངས་ཡོངས་ཀྱིས་མཉམ་སྐྲུན”བྱེད་པར་འགྱུར་བར་བྱེད་དགོས།
       (དགུ) ཏང་གི་གཞུང་ལུགས“གོ་སླ་བ་ཅན”དུ་འགྱུར་བ། ཏང་འཛུགས་སྐྱོང་གོ་བདེ་ཅན་དང་། གནས་ལུགས་ལ་མཐོང་ཆེན་དང་སློབ་སྦྱོང་སྟབས་བདེར་གཏོང་བ། དངོས་དོན་བསྒྲུབ་པ་ཟེར་བ་ནི། གནས་ལུགས་ཟབ་མོ་ཞིག་གོ་བདེར་གཏོང་བ་དང་། བླང་བྱ་འགྱུར་མེད་དེ་དོན་དངོས་སུ་བསྒྱུར་ཏེ། ཏང་འཛུགས་སྐྱོང་དེ“ཡིག་ཆའི”ནང་ནས“འཚོ་བའི་ཁྲོད་དུ”སླེབས་པར་བྱེད་པའོ། །མང་ཚོགས་ཀྱི་རིག་གནས་ཆུ་ཚད་དང་། ཤེས་རྟོགས་གོམས་གཤིས། དང་ལེན་ནུས་བ་བཅས་ལ་གཞིགས་ཏེ། སྐད་ཆ་དང་ནང་དོན། རྣམ་པ་བཅས་གོ་སླ་བར་བཏང་སྟེ། གཞུང་ལུགས་དང་སྲིད་ཇུས་ཀྱི་དགོངས་དོན་དེ་ཕལ་སྐད་དང་འཚོ་བའི་སྐད་ཆ། མང་ཚོགས་དང་འབྲེལ་བའི་སྐད་ཆ་བཅས་སུ་བསྒྱུར་དགོས་ཤིང་། མང་ཚོགས་ཀྱིས་ཉན་མ་ཐག་ཏུ་གོ་ཐུབ་པ་དང་། བསྒྲུབ་མ་ཐག་ཏུ་དགའ་ཡོང་བ་ཞིག་བྱེད་དགོས། ཏང་འཛུགས་སྐྱོང་གི་ལས་ཀ་དང་རྒྱུན་ལྡན་གྱི་ལས་ཀ། ཉེ་འགྲམ་གྱི་བྱ་བ། མང་ཚོགས་ཀྱི་དགོས་མཁོ་བཅས་ཟུང་འབྲེལ་བྱས་ཏེ། མང་ཚོགས་ལ་ཏང་འཛུགས་སྐྱོང་དེ་རང་ཉིད་དང་ཁ་བྲལ་ཐབས་མེད་པའི་ཚོར་སྣང་སྟེར་དགོས། གཏམ་རྒྱུད་དང་བྱེད་སྒོ་ཆུང་ངུ་སོགས་མང་ཚོགས་ཀྱིས་ལྟ་འདོད་ཉན་སྤྲོའི་བྱེད་ཐབས་སྤྱད་དེ། ཏང་འཛུགས་སྐྱོང་དེ་མང་ཚོགས་དང་འབྲེལ་ཞིང་འཚོ་བའི་བྲོ་བ་དང་ལྡན་པ་ཞིག་ཡོང་བ་བྱེད་དགོས།
       (བཅུ།) མཇུག་འབྲས་ཁ་ཕྱོགས“ཕན་འབྲས་ཅན”དུ་འགྱུར་བ། ཏང་འཛུགས་སྐྱོང་དངོས་ཕན་ཅན་ཞེས་པ་ནི་གནད་དོན་ཐག་གཅོད་དང་དོན་འཁྱོལ་སྐུལ་འདེད། དངོས་ཕན་ལེན་པ་བཅས་ཏང་འཛུགས་སྐྱོང་གིའགོ་འཇུགས་ས་དང་དོན་ལ་བབས་སར་བཟུང་སྟེ། ཏང་འཛུགས་སྐྱོང་གི་ལས་དོན་མིག་མཐོང་ལག་ཟིན་དང་ཕན་འབྲས་ལྡན་པ་ཡོང་བར་འགན་ལེན་ཏན་ཏིག་བྱེད་པའོ།། གནད་དོན་ཐག་གཅོད་བྱས་ཡོད་མིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མིན། མང་ཚོགས་ཀྱི་ཡིད་ཚིམ་མིན་དེ་བྱ་བའི་ཕན་འབྲས་བསྡུར་ཞིབ་བྱེད་པའི་ཚད་གཞིར་བརྩིས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་སོགས་ཀྱི་བསམ་བློ་གལ་ཆེན་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ། ཏང་ལྟ་སྐྱོང་དང་བཅོས་སྐྱོང་བྱེད་པ་དང་། དཀའ་གནད་སེལ་བ། འཕེལ་རྒྱས་ལ་སྐུལ་འདེད། མཐུན་སྒྲིལ་ལ་སྐུལ་སྤེལ་བཅས་བྱེད་པའི་དངོས་སྒྲུབ་བྱེད་ཐབས་སུ་བྱེ་བྲག་ཏུ་བསྒྱུར་ནས། ཏང་འཛུགས་སྐྱོང་གི་ལས་དོན་དང་ལྟེ་བའི་ལས་དོན་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་གི་ཆབ་སྲིད་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ལ་སྣེ་ཁྲིད་དང་། དམངས་འཚོར་ཞབས་ཞུ། མཐུན་སྒྲིལ་ཇེ་དམ་དུ་གཏོང་བ་བཅས་ཀྱི་ཕན་འབྲས་དངོས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།