ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > «མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས»(མཚོ་ནུབ་གླེགས་བམ)པར་སྐྲུན་འགྲེམས་སྤེལ་བྱས།
«མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས»(མཚོ་ནུབ་གླེགས་བམ)པར་སྐྲུན་འགྲེམས་སྤེལ་བྱས།
རྩོམ་པ་པོ།:ཀླུ་འབུམ་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-06-18 08:30:14
ཀློག་གྲངས།:
2026ལོའི་ཟླ6པའི་ཚེས15ཉིན། «མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས»(མཚོ་ནུབ་གླེགས་བམ)པར་སྐྲུན་འགྲེམས་སྤེལ་མཛད་སྒོ་དེ་གཏེར་ལེན་ཁ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་ཤིང་། མཛད་སྒོའི་སྟེང་ཁུལ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་ཀྱིས་རྟེན་འབྲེལ་ཞུ་ཚིག་ཕུལ་བ་དང་། ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱི་ཀྲུའུ་རིན་ཀླུ་འབུམ་རྒྱལ་གྱིས་དཔེ་དེབ་རྩོམ་སྒྲིག་གི་བརྒྱུད་རིམ་དང་འབྲེལ་ནས་གཏམ་བཤད་གནང་། མ་ཟད་ད་དུང་ཁུལ་ཡིག་ཚགས་ཁང་དང་ཁུལ་དཔེ་མཛོད་ཁང་། ས་གནས་སོ་སོའི་འབྲེལ་ཡོད་ལས་ཁུངས་བཅས་ལ་དཔེ་དེབ་གནང་སྦྱིན་མཛད། ཚོགས་འདུར་ཁུལ་རིམ་པའི་འབྲེལ་ཡོད་མགོ་ཁྲིད་དང་ཆེད་མཁས་པ། རིག་གནས་སྡེ་ཁག་གི་མི་སྣ། གཞན་ཡང་ས་གནས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་སོགས་བསྡོམས་པས་མི་སྣ50ལྷག་ཞུགས་ཡོད།

«མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས»(མཚོ་ནུབ་གླེགས་བམ)ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ(ཟུར་པ)སྐུ་ཞབས་བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས་གཙོ་སྐྱོང་མཛད་པའི་རྒྱལ་ཁབ་རིམ་པའི་ལས་གཞི་གལ་ཆེན་ཏེ། «མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས»མུ་འབྲེལ་དཔེ་ཚོགས་ཀྱི་ནང་གསེས་གྲུབ་ཆ་ཞིག་ཡིན་ལ།འདི་ཡང་རང་རེའི་ལོ་རྒྱུས་སྟེང་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་བརྗོད་གཞི་བྱས་པའི་དཔེ་ཚོགས་ཐོག་མ་དེ་ཡིན། དཔེ་དེབ་འདིར་ཁྱོན་བསྡོམས་ལེའུ་བརྒྱད་ཀྱིས་གྲུབ་པ་དང་། ལེའུ་དང་པོ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་རི་ཆུའི་རིག་གནས་སྤྱི་བཤད་ལས་གཞན། ཁུལ་ཡོངས་ཀྱི་ས་གནས་བདུན་པོ་རེ་རེ་ལེའུ་རུ་རེ་རེ་བྱས་ཤིང་། དེབ་ཧྲིལ་པོར་བསྡོམས་པས་ཡིག་འབྲུ་ཁྲི117ལྷག་ཟིན། དེར་མ་ཟད་ལེའུ་རེ་རེར་ཡང་བྱེ་བྲག་ཏུ་ས་བཅད་བདུན་ཙམ་དུ་ཕྱེས་ཏེ། ས་གནས་སོ་སོའི་སྲིད་འཛིན་མངའ་ཁོངས་ཀྱི་ངོ་སྤྲོད་མདོར་བསྡུས་དང་། གྲོང་རྡལ་དང་ཡུལ་ཚོའི་སྐོར། རི་ལུང་ཐང་གསུམ་གྱི་སྐོར། མཚོ་དང་ཆུ་ཀླུང་གི་སྐོར། གནའ་ཤུལ་དང་གནའ་རྫས་ཀྱི་སྐོར། གནས་རི་དང་གཞི་བདག ལབ་ཙེའི་སྐོར་བཅས་བཀོད་ཡོད་པ་དང་། དེ་ལས་འཕྲོས་ཏེ་མཚོ་ནུབ་ཁུལ་གྱི་ས་བབ་ཀྱི་ཁྱད་ཆོས་དང་གནམ་གཤིས་ཀྱི་འགྱུར་ལྡོག སྐྱེ་ཁམས་ཁོར་ཡུག་དང་མི་ཆོས་རིག་གནས་བཅས་ལ་གཞི་བཅོལ་ཏེ། གངས་རི་དང་རྩྭ་ཐང་། ཆུ་ཀློང་དང་མཚོ་མོ། སྤང་དང་ནགས། བྱང་ཐང་དང་སྒང་གཤོང་། ལུང་པ་དང་ཆུ་མིག རི་དྭགས་དང་འདབ་ཆགས། རྩྭ་དང་རྩི་ཤིང་སོགས་རང་བྱུང་ཁམས་ཀྱི་གནས་ཚུལ་དང་ཁྱད་ཆོས། དེར་མ་ཟད་མི་རིགས་དང་རིག་གནས། གྲོང་སྡེ་དང་དགོན་སྡེ། འཚོ་བ་དང་གོམས་གཤིས། གནས་རི་དང་ལབ་ཙེ། བང་སོ་དང་གནའ་རྫས། གསུང་རབ་དང་གདན་རབས། གནའ་དཔེ་དང་གེ་སར་སྒྲུང་། གནས་ཡིག་དང་བསང་མཆོད། གཞན་ཡང་ལྕགས་རིགས་སྣ་ལྔ་དང་གཏེར་ཁུངས་སོགས་ནང་དོན་ཕུན་སུམ་ཚོགས་པ་ཞིག་འདུས་པར་བྱས་པས་ན། གཏིང་ཟབ་ཅིང་རྒྱ་ཆེ་བ་དང་། ས་གནས་རང་བཞིན་དང་སྣ་འཛོམས་རང་བཞིན། ཤེས་བྱ་རང་བཞིན་བཅས་ས་གནས་ཀྱི་རིག་མཛོད་ལྟ་བུའི་དཔེ་དེབ་ཅིག་ཏུ་སྣང་ཞིང་། ཕྱོགས་གང་ཅིའི་ཐད་ནས་དོན་སྙིང་བླ་ལྷག་ལྡན།

མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས་ནི་བོད་ཀྱི་མཐོ་སྒང་ཤེས་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེར་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་དང་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་མངའ་བས་ན། འདི་ཡང་ས་གནས་ཤིག་གི་རི་ཆུ་ནགས་གསུམ་གྱི་མིང་ཙམ་དང་ཡང་ན་ས་གཤིས་ཀྱི་ཁྱད་ཆོས་ཁོ་ན་བརྗོད་པ་ཙམ་ཞིག་མ་ཡིན་པར། འདིའི་ནང་དུ་ས་གནས་ཀྱི་ལོ་རྒྱུས་འཕེལ་རིམ་དང་སེམས་ཁམས་གྲུབ་སྟངས། ཆོས་ལུགས་དད་མོས་དང་ཡུལ་སྲོལ་གོམས་གཤིས། རིག་གནས་མ་ལག་དང་ལྟ་བ་འཛིན་སྟངས།འཚོ་བའི་ཐོན་སྐྱེད་དང་ལག་ཤེས་བཟོ་ལས། མི་རིགས་ཕན་ཚུན་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་སོགས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ནང་དོན་ཕུན་སུམ་ཚོགས་པ་ཞིག་འདུས་ཡོད་པ་རེད། དེང་སྐབས་མཛམ་གླིང་གི་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་བསྟུན་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་དང་ཐེབས་ཀྱིན་ཡོད། ཕ་ཡུལ་གྱི་རི་ཆུ་ནགས་གསུམ་གྱི་ཚེ་སྲོག་དང་རྣམ་ཤེས་ལའང་འཇིག་ཉེན་ཐེབས་ཀྱི་ཡོད། ལྷག་པར་དུ། མཚོ་ནུབ་ས་ཁུལ་ལ་མཚོན་ནས་བཤད་ན། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ30.09ཡོད་པའི75%ཚྭ་འདམ་གཞོང་དུ་ཆགས་པས་བྱེ་ཐང་ཁོ་ན་ཡིན། ས་རྒྱ་ཡངས་ཤིང་ཕལ་ཆེ་བ་མི་མེད་ལུང་སྟོང་དུ་ལུས་པ་དང་། ས་རྒྱུད་ཁྲོད་དུ་བ་ཚྭ་འདྲེས་ཚད་མཐོ་ཞིང་ཆུའི་འབྱུང་ཁུངས་དཀོན་ཕྱིར་ས་གཞིར་བརླན་དང་མི་ལྡན་པ། ལོ་ཧྲིལ་པོར་གངས་ཆར་གྱི་འབབ་རྒྱུན་ཤིན་ཏུ་ཉུང་བ་དང་མཁའ་དབུགས་སྐམ་ཤོས་ཆེ་བ། སྐྱེས་དངོས་ཀྱི་རིགས་སྐྱེས་མི་ཐུབ་པ་དང་འགྲོ་བ་མི་འཚོ་སྡོད་ཀྱི་ཆ་རྐྱེན་ཞན་པ། ཁོར་ཡུག་བྱེ་འགྱུར་མྱུར་ཞིང་ཆུའི་ཐོན་ཁོངས་དོ་མི་མཉམ་པ་སོགས་ཀྱིས་ཡུལ་གྲུ་འདིའི་རང་བྱུང་ཁོར་ཡུག་དང་རི་ཆུ་རིག་གནས་ལ་གོད་ཆག་མི་དམན་པ་བཟོ་བཞིན་ཡོད་པར་མ་ཟད། འོད་སྟོང་འཕྲོ་བའི་ཕ་མེས་ཀྱི་ཤུལ་བཞག་རིག་གནས་འབོར་ཆེན་ཡང་དེ་དང་མཉམ་དུ་ཉམས་དམས་སུ་འགྲོ་བཞིན་ཡོད་པ་སྨོས་མ་དགོས། གནས་བབ་འདི་འདྲའི་འོག་ཏུ«མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས»(མཚོ་ནུབ་གླེགས་བམ)ཞེས་པ་འདི་ལྟ་བུའི་དཔེ་དེབ་ཅིག་རྩོམ་སྒྲིག་པར་སྐྲུན་བྱས་པ་བརྒྱུད། རང་རིགས་ཀྱི་ལོ་རྒྱུས་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་མཉམ་དུ། མི་རྣམས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་གོ་བསྐོན་གྱི་ནུས་པ་ཅུང་ཟད་རེ་སྤྲོད་པར་ཡང་དོན་སྙིང་གལ་ཆེན་ལྡན་ནོ། །

དེ་དང་མཉམ་དུ། ཚོགས་ཞུགས་ཀྱི་ཆེད་མཁས་པ་གཙོས་པའི་འབྲེལ་ཡོད་མི་སྣ་དག་གིས«མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས»(མཚོ་ནུབ་གླེགས་བམ)དཔེ་དེབ་ཀྱི་སྐོར་ནས་བགྲོ་གླེང་རྒྱ་ཆེན་མཛད།

ཚོགས་ཞུགས་མཉམ་པར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号