རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་ལྔ་པ།

རྩོམ་པ་པོ།:བཀྲ་ཤིས་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-04-13 08:04:08 ཀློག་གྲངས།:
རྩོམ་རིག་གི་ཆུ་རྒྱུན་ལ་ནམ་ཡང་འཛད་པ་མེད།
                                   —རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་ལྔ་པའི་དཔྱད་འདེམ་གྱི་གནས་ཚུལ་རགས་བཀོད།
གསར་འགོད་པ། བཀྲ་ཤིས་ཚེ་རིང་།
 
       ཟླ4པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་ལྔ་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་ཁུལ་གསར་པ་རུ་བསྡུས་ཤིང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཁོངས་མིའམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་གཞོན་པ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་ལྕགས་ཐར་རྒྱལ་སོགས་གཙོས་པའི་འབྲེལ་ཡོད་མགོ་ཁྲིད་དང་དཔྱད་འདེམ་པ། སྐུ་མགྲོན་སོགས་མཛད་སྒོར་ཞུགས།
       རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་ལྔ་པའི་རྩོམ་ཡིག་དཔྱད་འདེམ་གྱི་བླང་བྱ་ནི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་ཟུང་དུ་འབྲེལ་ཞིང་། འདྲ་མཉམ་དང་དྲང་བདེན་སྲོག་ཏུ་འཛིན་པ་དེ་ཡིན་ལ། འགྲན་སྡུར་དུས་ཡུན་རྫོགས་རྗེས་རྩོམ་སྒྲིག་པ་དག་གིས་ཡང་ཡང་གྲོས་མོལ་བྱས་མཐར། རྩོམ་རིག་ལས་གནས་སུ་མིང་དུ་གྲགས་པའི་རྩོམ་པ་པོ་དང་དཔྱད་བརྗོད་པ། རྩོམ་སྒྲིག་པ་སོགས་མི་ལྔ་སྟེ«གངས་རྒྱན་ན་ཆུང་ཚགས་པར»གྱི་རྩོམ་སྒྲིག་པ་ཚེ་གྲུབ་དང་། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཚེ་དཔལ་སྟོབས་ལྡན། «སྦྲང་ཆར»རྩོམ་སྒྲིག་ཁང་གི་ཆོས་སྐྱོང་། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཡོན་ཏན། མཚོ་སྔོན་ཞིང་ཆེན་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱི་རྩོམ་སྒྲིག་པ་མཁའ་མོ་རྒྱལ་བཅས་ཀྱིས་གྲུབ་པའི་དཔྱད་འདེམ་ཚན་ཆུང་རྩ་འཛུགས་བྱས་ཤིང་། «མཚོ་སྔོན་བོད་ཡིག་གསར་འགྱུར»སྟེང་བཀོད་ཟིན་པའི་རྩོམ་ཡིག་རྣམས་དཔྱད་འདེམ་པ་ལྔ་བོའི་ལག་ཏུ་བཞག་སྟེ་ཁོ་ཚོས་རང་རང་ས་ནས་ཞིབ་ཀློག་བྱས་པ་རེད།
       2023ལོའི་ཟླ1པའི་ཚེས6ཉིན་དཔྱད་འདེམ་ཚོགས་པས་དྲང་པོ་དྲང་གཞག་སྒོས་དཔྱད་འདེམ་གནང་རྗེས་འགྲན་སྡུར་གྱི་ཨང་རིམ་གསལ་བསྒྲགས་བྱས། ཐེངས་འདིའི་བྱ་དགའ་ཨང་དང་པོ་ནི་སྨྲི་ཏི་མཚན་འབར་གྱི«ཁྲུང་ཁྲུང»དང་། ཨང་གཉིས་པ་ནི་བུ་ཚེ་རིང་རྒན་པའི«རྒྱབ་དང་མདུན»དང་། རྔ་བ་ཚེ་རིང་སྐྱིད་ཀྱི«བོར་ཟིན་པའི་ལག་ཟུང»གཉིས་ཡིན་ལ།ཨང་གསུམ་པ་ནི་ཚེ་རིང་དོན་གྲུབ་ཀྱི«གཡག་གཅིག»དང་མགོན་བུ་མཁའ་འགྲོ་ཡི«རྨི་ལམ་དུ་འཛུལ་བའི་མི»། དུར་སྲི་ཡི«མཁའ་དབྱིངས་སུ་སྤྲིན་པ་ཡུག་གཅིག་ཀྱང་མི་སྣང»བཅས་ཡིན།
       ད་ལོའི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ནི་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་དང་། ཞིན་ཧེ་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་རོགས་སྒྲུབ་གནང་བའི་རྒྱལ་ཡོངས་རང་བཞིན་གྱི་རྩོམ་རིག་འགྲན་སྡུར་ཞིག་ཡིན་ལ། ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་རྩོམ་ཡིག་སྤེལ་ཡུན་ནི2022ལོའི་ཟླ1པའི་ཚེས1ཉིན་ནས2022ལོའི་ཟླ10པའི་ཚེས31ཉིན་བར་ཏེ་བསྡོམས་པས་ཟླ་ངོ་བཅུ་ཡིན། སྐབས་ཐོག་ཏུ་བོད་ལྗོངས་ཉིན་རེའི་ཚགས་པར་དང་། ཀྲུང་གོ་བོད་ཀྱི་དྲ་བ། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བདེ་ཆེན་བོད་ཡིག་སྨྱན་སྦྱོར། ཁམས་པའི་དྲ་བ། མཚོ་སྔོན་བོད་ཡིག་གསར་འགྱུར་སོགས་བོད་ཀྱི་སྨྱན་སྦྱོར་ཆེ་ཁག་དང་། དེ་མིན་སྐད་འཕྲིན་དང་ཟིན་ཕྲན་སོགས་ཀྱི་བར་སྟོང་དུ་བརྒྱུད་སྐུར་བྱས་ཏེ་ཀུན་ལ་རྩོམ་ཡིག་འགྲན་སྡུར་སྤེལ་བའི་གནས་ཚུལ་ཞིབ་ཕྲ་དག་དུས་ལྟར་ཞུས། ཟླ་ངོ་བཅུའི་རིང་དུ་ཀན་སུའུ་དང་། བོད་ལྗོངས། སི་ཁྲོན། མཚོ་སྔོན་སོགས་ཡུལ་གྲུ་སོ་སོ་ནས་སྒྲུང་ཐུང190ལྷག་འབྱོར་བྱུང་ལ། དེ་དག་རེ་རེ་བཞིན་རྩོམ་སྒྲིག་པས་ཞིབ་ཀྱིས་བཀླགས་ཤིང་ཞུས་ཐེངས་དང་པོ་དང་གཉིས་པ། མཐའ་ཞུས་སོགས་བརྒྱུད་དེ«མཚོ་སྔོན་བོད་ཡིག་གསར་འགྱུར»སྟེང་རྩོམ་ཡིག་འབྱོར་བའི་སྔ་གཞུག་ལྟར་བསྡོམས་པས་རྩོམ་ཡིག41སྤེལ། ཐེངས་འདིའི་སྒྲུང་ཐུང་མང་ཆེ་བ་བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་དུས་རབས་ཀྱི་དབྱངས་འགྲོས་དང་མཐུན་ལ་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པར་དོད་པའི་དགེ་མཚན་དུ་མས་ཕྱུག་ཡོད་དོ། །
       ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་ལ་ཞིན་ཧེ་རྫོང་གི་སྦྱིན་བདག་ཆེན་མོ་སྐལ་བཟང་ཐུབ་བསྟན་ལགས་ཀྱིས་དམངས་སྒོར་ཁྲི་གཉིས་ཀྱིས་རོགས་སྐྱོར་མཛད་ཅིང་། བྱ་དགའ་ཐོབ་མཁན་ཨང་དང་པོ་ལ་དམངས་སྒོར10000དང་། ཨང་གཉིས་པ་ལ་སོ་སོར་དམངས་སྒོར8000རེ། ཨང་གསུམ་པར་སོ་སོར་དམངས་སྒོར6000རེ་བཅས་གནང་།
​བྱ་དགའ་ཨང་དང་པོ་ཐོབ་མཁན་ལ་བྱ་དགའ་སྤྲོད་བཞིན་པ།
​བྱ་དགའ་ཨང་གཉིས་པ་ཐོབ་མཁན་ལ་བྱ་དགའ་སྤྲོད་བཞིན་པ།
​བྱ་དགའ་ཨང་གསུམ་པ་ཐོབ་མཁན་ལ་བྱ་དགའ་སྤྲོད་བཞིན་པ།
​སྦྱིན་བདག་སྐལ་བཟང་ཐུབ་བསྟན་གྱིས་རྒྱབ་སྐྱོར་མ་དངུལ་གནང་བཞིན་པ།
​སྦྱིན་བདག་སྐལ་བཟང་ཐུབ་བསྟན་ལ་ལག་རྟགས་འབུལ་བཞིན་པ།
མཉམ་པར།
ཐེངས་འདིའི་བྱ་དགའ་ཐོབ་མཁན་གྱི་མཉམ་པར།
ཚོགས་ར།
ཚོགས་ར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།