༄༅། །མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་གཏམ་བཤད་འགྲན་སྡུར་གྱི་བྱ་འགུལ་སྤེལ།

རྩོམ་པ་པོ།:བྱ་གཞུང་གནམ་ལྷ་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-06-28 11:20:58 ཀློག་གྲངས།:
        ༢༠༢༢ལོའི་ཟླ༦པའི་ཚེ༢༣ཉིན་གྱི་ཕྱི་དྲོར། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་མཐོ་གཉིས་ལོ་རིམ་ཁག་གིས། ཏང་གི་ཚོགས་ཆེན་ཉི་ཤུ་བ་བསུ་བའི་སློབ་མའི་གཏམ་བཤད་འགྲན་སྡུར་དེ་བཀྲ་ཤིས་རྣམ་རྒྱལ་གླིང་གི་ཚོམས་ཆེན་དུ་སྤེལ།
འགྲན་ཡུལ་བཀྲ་ཤིས་རྣམ་རྒྱལ་གླིང་གི་ཚོམས་ཆེན།
གཏམ་སྨྲ་ལྕེས་ཁྲོམ་པ་ཟིལ་གྱིས་གནོན་མཁན་མདོ་འཛིན་པ་ཟུང་།
        གཏམ་བཤད་ནི་ངག་གི་བརྗོད་པ་ལ་བརྟེན་ནས་བསམ་བློ་བརྗེ་རེས་དང་བརྩེ་དུང་མཚོན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། གཙོ་བོ་སྐད་ཆར་བརྟེན་ནས་གཏམ་འཆད་མཁན་གྱི་བསམ་བློའི་བརྩེ་དུང་བརྒྱུད་སྤྲོད་བྱས་ཏེ། ཉན་མཁན་སེམས་འགུལ་ཐེབས་སུ་བཅུག་སྟེ། དྲིལ་བསྒྲགས་ཀྱི་སློབ་གསོའི་དམིགས་ཡུལ་འགྲུབ་པར་བྱེད་པ་ཞིག་ཡིན། སློབ་མ་ཚོའི་གཏམ་བཤད་ཀྱི་འཇོན་ནུས་བསྐྱེད་སྲིང་བྱ་རྒྱུ་ནི་རང་རྒྱལ་གྱི་སྤུས་ཚད་སློབ་གསོས་བཏོན་པའི་རེ་བ་གལ་ཆེན་ཞིག་ཡིན་པས། མཐོ་གཉིས་ལོ་རིམ་ཁག་གིས་བོད་ཡིག་ཁྲིད་དཔྱོད་ཁག་གི་བྱ་འགུལ་གྱི་འཆར་གཞི་ལྟར«སྐད་ཡིག་དང་ངའི་ནར་སོན་གྱི་ལོ་ཟླ»ཞེས་པའི་བརྗོད་གཞིའི་སྟེང་གཏམ་བཤད་འགྲན་སྡུར་གཟབ་རྒྱས་ངང་སྤེལ།
ཚོགས་རའི་ཡུལ་དངོས།
འགྲན་ཞུགས་པས་གཏམ་བཤད་སྤེལ་བཞིན་པ།
འགྲན་ཞུགས་པས་གཏམ་བཤད་སྤེལ་བཞིན་པ།
        ཐེངས་འདིའི་བྱ་འགུལ་ལ་ཞུགས་མཁན་འཛིན་གྲྭ་སོ་སོ་ནས་བརྒྱ་ཡི་ནང་ནས་བསལ་ཅིང་བརྒྱད་ཀྱི་ནང་ནས་བདམས་པའི་ཁྱོན་བསྡོམས་སློབ་མ་མི་བཅུ་བཞི་མཆིས་ཤིང་། དཔྱད་འདེམས་དགེ་རྒན་རྣམ་པས་དྲང་བདེན་དང་འདྲ་མཉམ་ཀྱི་རྩ་དོན་བཟུང་ནས་སྨྲ་ལྕེ་དང་སྐད་གདངས། ཉམས་འགྱུར་དང་བྱང་ཆ། མ་ཕྱི་དང་དུས་ཚོད་བཅས་ཕྱོགས་མང་བོ་ནས་དཔྱད་འདེམས་ཀྱི་སྐར་མ་བརྒྱབ།
        སྲིད་པ་རྒན་པོའི་གཏམ་དཔེ་ལ། མིད་པའི་བར་ནས་གཏམ་བཤད་དཀའ། མཐེབ་མོའི་བར་ནས་མདའ་འཕེན་དཀའ་ཞེས་པ་བཞིན་གཏམ་བཤད་ཡག་པོ་ཞིག་འཁྱོངས་དགོས་ན་ཤིན་ཏུ་དཀའ་བ་སྨྲ་མི་དགོས་མོད། ཐེངས་འདིའི་སློབ་གྲོགས་ཚོའི་གཏམ་བཤད་ཀྱི་གནས་ཚུལ་ལ་བལྟས་ན་སྨྲ་ལྕེ་དག་ཅིང་སྐད་མགོ་མཐོ་བ། བརྗོད་བྱ་ལེགས་ཤིང་བྱང་ཆ་ལྡན་པ། བརྩེ་དུང་གིས་ཕྱུག་ཅིང་དལ་ལྷོད་རན་པ། ཉམས་འགྱུར་ལེགས་ཤིང་སྤོབས་པས་ཁེངས་པ་སོགས་གཅིག་ལས་གཅིག་བཟང་བས། གསན་མཁན་གྱི་དགེ་སློབ་ཡོངས་ལ་ཡིད་ཀྱི་དང་བ་འདྲེན་པའི་སྐད་ཆའི་སྒྱུ་རྩལ་གྱི་གསོལ་སྟོན་ཆེན་མོ་ཞིག་བཤམས་ཐུབ་སོང་བས། དེ་ཡང་དགེ་སློབ་ཟུང་གིས་ཕྱར་བ་གྲུ་འདེགས་ཀྱིས་བྱ་འགུལ་འདི་ལེགས་འགྲུབ་འབྱུང་བར་སྟ་གོན་ཕུན་སུམ་ཚོགས་པར་བྱས་པ་ལ་རག་ལས་པ་གདོན་མི་ཟ།
རྒྱལ་ཁའི་རྟགས་མ་རེག་པའི་འགྲན་ཞུགས་པ་དག་གི་མཉམ་པར།
སློབ་གཙོ་གཞོན་པ་སྟོབས་ལྡན་ལགས་ནས་གསུང་བཤད་གནང་བ།
        མཇུག་མཐར་མཐོ་གཅིག་ལོ་རིམ་ཁག་གི་ཁག་གཙོ་རྒན་གནམ་ལྷ་ཚེ་རིང་གིས་གཏམ་བཤད་ལ་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་ཤིང་། སློབ་གཙོ་གཞོན་པ་སྟོབས་ལྡན་གྱིས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཐེངས་འདིའི་གཏམ་བཤད་ཀྱི་ལེགས་ཉེས་ནས་འཕྲོས་ཏེ་སློབ་མ་ཚོར་རེ་བ་ནན་མོ་བཏོན། མདོ་འཛིན་པས་ཐེངས་འདིའི་བྱ་དགའི་ཨང་རིམ་བསྒྲགས་ཤིང་གཟེངས་རྟགས་བསྩལ་རྗེས་བྱ་འགུལ་གྱི་མཇུག་ཡོངས་སུ་བསྡུས་སོ། །
༢༠༢༢ལོའི་ཟླ༦པའི་ཚེས༢༧ཉིན་བྱ་གཞུང་གནམ་ལྷ་འབུམ་གྱིས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།