༄༅། །མཚོ་སྔོན་པོ་མི་རིགས་བཅའ་སྡོད་སློབ་གྲྭས་དཔེ་ཀློག་བྱ་འགུལ་སྤེལ་བ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-04-26 09:06:33 ཀློག་གྲངས།:
        དེ་ཡང་ཇི་སྐད་དུ་རྫ་དཔལ་སྤྲུལ་མཆོག་གིས། དཔེ་འདི་སྟེགས་ལ་མ་འཇོག་རུམ་དུ་ལོངས། །ནམ་ཁོམ་རུམ་ནས་ཕྱུངས་ཏེ་ཡང་ཡང་ཀློགས། །ཀློག་དོན་སེམས་ནས་མ་བརྗེད་ལག་ཏུ་ལོངས། །དེ་ལས་ཡ་རབས་འདི་ཕྱིའི་བདེ་སྐྱིད་འབྱུང་། །ཞེས་གསུངས་པ་བཞིན་དཔེ་ཆ་ནི་འགྲོ་བ་མིའི་རིགས་འཕེལ་རྒྱས་ཀྱི་ཐེམ་སྐས་ལྟ་བུ་ཞིག་ཡིན་པ་དང་། དཔེ་ཀློག་ནི་མི་ཞིག་གི་མི་ཚེའི་ཧྲིལ་བོའི་སློབ་སྦྱོང་གི་གོ་རིམ་ཞིག་ཡིན་ལ། ཡང་གཅིག་བཤད་ན་དཔེ་ཀློག་ནི་སྐྱ་སེར་ཕོ་མོ་དང་རྒན་དར་གཞོན་གསུམ། དེ་མིན་དཔོན་འབངས་དང་དབུལ་ཕྱུག་སོགས་ཁྱད་པར་མེད་པར་མི་ཡོད་དོ་ཅོག་གི་མི་ཚེ་དོན་ལྡན་ཡོང་བའི་ཐབས་ལམ་གཅིག་པོ་ཡིན་ཞེས་དཔྱོད་ལྡན་དག་གིས་སྨྲ་བ་བཞིན། མཚོ་སྔོན་པོ་མི་རིགས་བཅའ་སྡོད་སློབ་གྲྭས་སློབ་རའི་རིག་གནས་ཕུན་སུམ་ཇེ་ཚོགས་དང་དགེ་སློབ་ཡོངས་ཀྱི་བསླབ་ཕྱིའི་དཔེ་ཀློག་གི་གོམས་གཤིས་ལེགས་པོ་ཞིག་ཆགས་པའི་སླད་དུ་འཛམ་གླིང་དཔེ་ཀློག་ཉིན་མོ་བསུ་བའི་དུས་བཟང་དང་འབྲེལ་ཏེ་སྤྱི་ཟླ༤ཚེས༢༣ཉིན་དཔེ་ཀློག་སྐོར་གྱི་བྱ་འགུལ་སྤེལ།
བྱ་འགུལ་གྱི་ཡུལ་དངོས།
དཔེ་ཀློག་གི་མྱོང་ཚོར་གླེང་བ།
དཔེ་ཀློག་གི་མྱོང་ཚོར་གླེང་བ།
        ཐེངས་འདིའི་བྱ་འགུལ་དེ་རིམ་པ་གཉིས་སུ་བཀར་ནས་སྤེལ་བ་སྟེ། ཕྱི་དྲོའི་ཆུ་ཚོད་གཉིས་པར་བོད་སྐད་ཡིག་སློབ་དཔྱོད་ཁག་གིས་གཙོ་སྒྲུབ་བྱས་པའི“ཐོས་བརྩོན་རྟགས་མའི”དཔེ་ཀློག་མྱོང་བཤད་འགྲན་བསྡུར་སྐབས་དང་པོ་དེ་སློབ་གྲྭའི་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་བསྡུས། ལོ་རིམ་དང་པོ་ནས་བརྒྱད་པའི་བར་གྱི་དགེ་སློབ༡༠༠༠ལྷག་བྱ་འགུལ་ལ་ཞུགས་ཤིང་དཔེ་ཀློག་ལ་མོས་པ་ཟབ་པའི་ཡོད་པའི་འགྲན་ཞུགས་སློབ་གྲོགས༥༠ལྷག་ཐོག་མའི་བསལ་འདེམ་གྱི་འགྲན་རྩོད་བརྒྱུད་ནས་དེ་ལས་དཔེ་ཆར་ལྟ་རྒྱ་ཆེ་ཞིང་རིགས་ལམ་གསལ་ལ། སྨྲ་ལྕེ་རྒོད་པའི་སློབ་གྲོགས༡༡རྟིང་རྩོད་འགྲན་བསྡུར་དུ་ཚུད། སློབ་གྲོགས་ཚོས་བཀླགས་པའི་དཔེ་ཆའི་ནང་དོན་ལ་རྩོམ་རིག་བརྩམས་ཆོས་དང་རིག་གནས་ལོ་རྒྱུས། མི་ཆོས་བསམ་བློ་སྐོར་གྱི་བསྟན་བཅོས་སོགས་ནང་དོན་རྒྱ་ཆེ་ཞིང་རྣམ་པ་ཕུན་སུམ་ཚོགས་ལ། ཚིག་ཉུང་དོན་འདུས་དང་ཁ་གསལ་གོ་བདེའི་ལམ་ནས་རང་གིས་བཀླགས་པའི་བསྟན་བཅོས་ཀྱི་བརྗོད་དོན་དང་དེ་ལས་ཐོབ་པའི་སེམས་ཀྱི་མྱོང་ཚོར་སློབ་རའི་སློབ་སྦྱོང་གི་འཚོ་བ་དངོས་དང་སྦྱར་ནས་བརྗོད་པས་ཉན་པ་པོ་དག་གི་ཡིད་ཀྱི་དང་བ་ཅིག་ཅར་དུ་བཀུགས།
དཔེ་ཀློག་གི་མྱོང་ཚོར་གླེང་བ།
བྱ་འགུལ་གྱི་ཡུལ་དངོས།
        དགོང་དྲོའི་ཆུ་ཚོད་བདུན་པར་སློབ་ཁྲིད་དོ་དམ་ཁྲུའུ་ཡིས་གཙོ་སྒྲུབ་བྱས་པའི“ཟླ་མཇུག་གི་དཔེ་ཀློག་བགྲོ་གླེང”སྐབས་དང་པོ་དེ་སློབ་གྲྭའི་ཚོགས་འདུ་ཁང་དུ་བསྡུས་ཤིང་དགེ་རྒན༨༠ལྷག་བྱ་འགུལ་ལ་ཞུགས། ཐེངས་འདིའི་བྱ་འགུལ་དུ་རང་རེའི་སློབ་གྲྭའི་ན་གཞོན་ཕུལ་བྱུང་དགེ་རྒན་དབང་ཆེན་རྒྱལ་ལགས་གདན་འདྲེན་ཞུས་ནས་འཆད་ཁྲིད་གནང་བ་དང་། ཁོང་གིས«དབའ་བཞེད་བཀླགས་པའི་བསམ་གཞིགས། ---དབའ་བཞེད་དང་བསམ་ཡས་རྡོ་རིང་གི་འབྲེལ་བའི་སྐོར་གླེང་བ»ཞེས་པ་བརྗོད་གཞི་རུ་བཟུང་ཞིང་། གཙོ་བོ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་དབའ་བཞེད་ཀྱི་པར་གཞིའི་སྐོར། མིང་གི་བྱུང་ལུགས། དབའ་བཞེད་དང་དབའ་གསལ་སྣང་། དབའ་བཞེད་དང་འབྲེལ་བའི་དཔྱད་འབྲས། དབའ་བཞེད་དང་བསམ་ཡས་རྡོ་རིང་གི་འབྲེལ་བ་སོགས་གཙོ་བོར་བྱས་ནས་ཐོས་པ་མཉམ་རོལ་དང་བསམ་བློ་བརྗེ་རེས་ཀྱི་ཞིབ་ཏུ་སྤྲོས་ཤིང་། ཁོང་གིས་བརྗོད་གཞི་དེ་དང་འབྲེལ་ནས་རང་གི་ལྟ་བར་རྒྱབ་བརྟེན་གྱི་ལུང་དང་སྒྲུབ་བྱེད་ཀྱི་རིགས་པ། གསལ་བྱེད་ཀྱི་དཔེ་དང་བཅས་གསལ་བོར་སྤྲོས་བས་བྱ་འགུལ་ལ་ཞུགས་པའི་དགེ་རྒན་རྣམས་ཀྱིས་བསྟོད་པའི་མཐེ་བོང་མི་བསྒྲེང་མཁན་གཅིག་ཀྱང་མེད་དོ། །
རྒན་དབང་ཆེན་རྒྱལ་ལགས་ཀྱིས་བགྲོ་གླེང་བྱེད་བཞིན་པ།
ཐེངས་འདིའི་འཆད་བྱའི་བརྗོད་གཞི།
འཆད་ཁྲིད་ཀྱི་ཡུལ་དངོས།
        ཐེངས་འདིའི་བྱ་འགུལ་ལ་བརྟེན་ནས་དགེ་སློབ་ཀུན་གྱིས་དཔེ་ཀློག་གི་དགེ་མཚན་དང་གལ་ཆེན་རང་བཞིན་ལ་ངེས་ཤེས་སྔ་ན་མེད་པ་རྙེད་ཅིང་། ཤེས་བྱ་རིག་པའི་གནས་ལ་སྐོམ་པས་འཇུག་བཞིན་པའི་སློབ་གཉེར་བ་རྣམས་ལ་དཔེ་ཀློག་གི་གོམས་གཤིས་ལེགས་པོ་ཞིག་ཆགས་སུ་བཅུག་སྟེ་སློབ་སྦྱོང་གི་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་དང་། རང་གི་མི་ཚེ་གོལ་ལམ་དུ་མ་སོང་བར་འབྱུང་འགྱུར་གྱི་ཕུགས་བསམ་མངོན་འགྱུར་བྱ་ཐུབ་པའི་སྤྱོད་ཡོན་གཉིས་ལྡན་གྱི་མི་བུ་ཞིག་ཏུ་འགྱུར་བར་སྐུལ་མ་ཐེབས་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།