སེར་སྣ། པད་མ་སྒྲོལ་མ།
རུས་མིང་། པད་མ་སྒྲོལ་མ།
འཛིན་གྲྭ 2010ལོའི་བོད་ཡིག་ཆེད་ལས2པ།
སེར་སྣ།
ང་ཚོ་དམའ་འབྲིང་གི་སྐབས་སུ་ཉིན་ལྟར་སློབ་ཕྲུག་རྣམས་རྐང་རྩེད་སྤོ་ལོའི སྐོར་གྱི་དུས་དེབ་དང་བུ་མོ་རྣམས་གྱོན་གོས་སྐོར་གྱི་དུས་དེབ་སོགས་སློབ་ཚན་དང་འབྲེལ་མེད་ཀྱི་དུས་དེབ་ལྟ་རྒྱུར་ཧ་ཅང་དགའ་བ་དང༌། སློབ་གསེང་དུས་ཚོད་ཚང་མ་ཇ་ཁང་དང་དྲ་ཁང་ནང་ལ་བསྐྱལ་བ་ཡིན། དུས་རྒྱུན་སློབ་ཕྲུག་ཕན་ཚུན་བར་ཁྱིམ་ཚང་ཆ་རྐྱེན་དང་གྱོན་ཆས་སོགས་ལ་འགྲན་བསྡུར་བྱེད་རྒྱུར་དགའ་བ་དང༌། ཕན་ཚུན་སློབ་སྦྱོང་ཐད་རོགས་རམ་ཉུང་བ། དྲ་བའི་རོལ་རྩེད་ཐད་རོགས་རམ་མང་བ་ཞིག་ཡིན། ཁོང་ནི་ངའི་ཆུང་དུས་ནས་དམའ་འབྲིང་ལོ་རིམ་དང་པོའི་བར་གྱི་སློབ་གྲོགས་ཡིན། ངའི་སྣང་ངོར་སྐབས་དེ་དུས་ཀྱི་ཁོང་ནི་དངུལ་ལོར་ལ་དགའ་ཞིང་སེར་སྣ་ཆེ་བ་དང་གཙང་སྦྲར་མི་དགའ་བའི་བུ་མོ་ཞིག་ཡིན།
ད་ལྟ་ལས་དབང་གིས་རྐྱེན་པས་སློབ་ཆེན་ནང་ཁོང་དང་སློབ་གྲོགས་ཡིན། ད་ལྟའི་ཁོང་ནི་དེ་སྔོན་དང་མི་འདྲ་བར་གྱོན་གོས་རང་ངོས་ཀྱི་གཙང་སྦྲ་དོ་སྣང་བྱེད་རྒྱུར་ཧ་ཅང་ཆེ་བར་འདུག ཡིན་ནའང༌། དངུལ་ལོར་ལ་དགའ་བ་དང་སེར་སྣ་ཆེ་བའི་གཤིས་ཀར་འགྱུར་བ་མེད་པར་འདུག
སློབ་ཆེན་སྐབས་ཀྱི་སློབ་གྲོགས་རྣམས་ཀྱི་སེམས་པ་ནི་ཧ་ཆང་རྙོག་འཛིང་ཆེ་ཞིང་བྱ་བ་ཆེ་ཆུང་གང་ཞིག་ལ་འཇུག་རུང་རང་ཉིད་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་བ་ལས་མི་གཞན་ལ་བསམ་གཞིགས་བྱེད་མཁན་ཉུང་ཉུང་རེད། དུས་རྒྱུན་དངུལ་ལོར་བསྡུས་ནས་བྱེད་སྒོ་སྤེལ་རྒྱུར་དགའ་ཞིང༌། ང་ཚོའི་འཛིན་གྲྭ་ཡང་དེ་ལས་མ་འདས།
དངུལ་བསྡུས་ནས་སྤོ་ལོ་ལ་སོགས་པའི་བྱེད་སྒོ་ཆེ་ཆུང་མང་པོ་སྤེལ་གྱི་ཡོད། འོན་ཀྱང་དངུལ་བསྡུས་ནས་བྱེད་སྒོ་སྤེལ་ནས་རིམ་བཞིན་དུ་ཁོང་བྱེད་སྒོར་ཞུགས་པ་མཐོང༌། སློབ་གྲོགས་ཚང་མས་ཁོང་གི་བྱེད་ཚུལ་དེར་འཁང་ར་བྱེད་ཀྱིན་ཡོད། ཉིན་ཞིག་འཛིན་བདག་གིས་ང་ལ་ཁོང་དང་ཁྱེད་གཉིས་སློབ་ཆུང་སྐབས་ཀྱི་སློབ་གྲོགས་ཡིན་པས་ཁྱེད་ཀྱིས་ཁོང་གིས་དེ་འདྲ་བྱེད་དོན་ཅི་ཡིན་པ་ཤེས་སམ་ཞེས་སྐད་ཆ་དྲིས་བྱུང༌། ངས་ཁོང་ནི་སྔོན་མ་ནས་དངུལ་ལོར་ལ་སེར་སྣ་ཆེ་བ་ཞིག་རེད་ཞེས་ལན་བཏབ། རྒན་ལགས་ཀྱིས་ཁོང་གི་ཁྱིམ་ཚང་ཆ་རྐྱེན་ཞན་པས་མིན་ནམ་གསུངས་སོང༌།
དེ་ནས་འཛིན་བདག་གིས་སློབ་གྲོགས་རྣམས་དང་གྲོས་བསྡུར་གནང་ནས་འཛིན་གྲྭའི་སློབ་མ་རྣམས་ཀྱིས་ཁོང་ལ་སློབ་གྲོགས་ཀྱི་བརྩེ་སེམས་མཚོན་བྱེད་དང་ཁོང་གི་འཚོ་བ་ལ་རོགས་རམ་བྱེད་ཆེད་དུ་གསང་བའི་ཞལ་འདེབས་ཀྱི་བྱེད་སྒོ་སྤེལ།
དེ་ནས་ཉིན་ཞིག་མཚན་ཚོགས་གྲོལ་རྗེས་འཛིན་བདག་གིས་ཁོང་བོས་ནས་ཁོང་ལ་གནས་ཚུལ་གྱི་བརྒྱུད་རིམ་ཞིབ་པར་གསལ་བཤད་དང་བཅས་སློབ་གྲོགས་རྣམས་ཀྱི་རོགས་རམ་དང་བརྩེ་སེམས་ཀྱི་ལེགས་སྐྱེས་དེ་ཁོང་ལ་སྤྲད།
དེ་ནས་ཉིན་ཞིག་ང་ཚོའི་རྣ་བར་གཏམ་མི་སྙན་པ་ཞིག་ཐོས་པ་སྟེ། ཁམས་ཡུལ་ཤུལ་ལ་རང་བྱུང་གི་གནོད་འཚེ་ས་ཡོམ་བྱུང་ནས་རང་མི་རིགས་ཀྱི་སྤུན་ཟླ་མི་ཉུང་བ་ཞིག་འཇིག་རྟེན་དང་ཁ་བྲལ་བ་དང་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར། ད་དུང་ཕྲུ་གུ་མང་པོ་ཞིག་ཕ་མ་མེད་ལ་སློབ་གྲྭ་མེད་པར་གྱུར་འདུག་ཞེས་པ་དེའོ།།
དེ་ནས་ས་ཕྱོགས་གང་སར་ཡོད་པའི་སྤུན་ཟླ་མང་པོས་ཕྱོགས་གང་ཅིར་རོགས་རམ་བྱེད་པའི་བྱེད་སྒོ་ཆེན་པོ་ཞིག་སྤེལ་བ་ཤེས་ནས། ང་ཚོས་ཀྱང་རང་ཉིད་ཀྱི་བརྩེ་སེམས་དང་རོགས་རམ་གྱི་ལག་པ་ཆུང་ཆུང་གནོད་འཚེའི་ཁུལ་གྱི་སྤུན་ཟླ་རྣམས་དང་འབྲེལ་བར་འདོད།
དུས་དེར། དགེ་སློབ་ཚང་མས་རང་ནུས་ཡོད་ཚད་ཀྱིས་ཞལ་འདེབས་མང་པོ་བརྒྱབ། བསམ་ཡུལ་ལས་འདས་པ་ཞིག་ལ་དུས་རྒྱུན་སེར་སྣ་ཆེ་བའི་ཁོང་ཡང༌། ད་ཐེངས་ཀྱི་བྱེད་སྒོ་ལ་ཞུགས་པ་མ་ཟད། དེ་ཉིན་ཁོང་གིས་མི་རིང་བའི་གོང་ལ་ང་ཚོའི་འཛིན་གྲྭའི་སློབ་མ་རྣམས་ཀྱིས་ཁོང་ལ་རོགས་རམ་དང་བརྩེ་སེམས་ཕུལ་བའི་ཞལ་འདེབས་ཀྱི་དངུལ་རྣམས་དང་ཁོང་གིས་དུས་རྒྱུན་ནས་བསགས་པའི་དངུལ་ རྣམས་མ་ལུས་པར་གནོད་འཚེའི་ཁུལ་ལ་ཞལ་འདེབས་སུ་ཕུལ་སོང༌།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com