བློ་བཟང་ཉི་མའི་རྩོམ་ཡིག་ཁག་ཅིག

རྩོམ་པ་པོ།:བློ་བཟང་ཉི་མ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-01 17:23:00 ཀློག་གྲངས།:

 

རེ་བའི་རྨི་ལམ་གྱི་གར་སྟེགས།
                              
རིག་འཛིན་སྒྲོལ་མའི་གླུ་ལེན་དགོང་ཚོགས་ཀྱི་གར་སྟེགས།

         2009ལོར་གངས་ཅན་ཆོལ་གསུམ་གྱི་ཞིང་དུ་རེ་སྒུག་གི་རོལ་མོའི་སྦྲང་ཆར་ཟིམ་ཟིམ་དུ་འབབ་པ་སྟེ། མདོ་སྨད་ས་ཡི་ཐིག་ལེའི་ལྟེ་བ་གནའ་མཁར་ཟི་ལིང་གྲོང་དུ་བོད་ཀྱི་ཕ་སྐད་ཀྱི་གླུ་མ་གྲགས་ཅན་དཔའ་རིས་བ་རིག་འཛིན་སྒྲོལ་མ་མཆོག་གི་ངག་གི་འགྱུར་ཁུག་དབྱངས་རྟ་སྟོང་གིས་གྲོལ། གནས་འདི་རུ་། རིགས་གཅིག་གདོང་དམར་ཀུན་གྱིས་དགའ་འབོད་ཀྱི་ཀི་སྒྲས་གནམ་ས་འགེངས་ཡོད། བརྩེ་སེམས་ཀྱི་དར་སྐུད་སྡོམ་རྒྱ་བཞིན་འཁྲེང་ཡོད། དགོད་སྒྲ་ཤིགས་ཤིགས་ཀྱི་འཇིག་རྟེན་དང་གླུ་སྒྲ་སིང་སིང་གི་གར་སྟེགས་འདི་ཡིས་སྐོར་གསུམ་སྒང་དྲུག་རུ་བཞིའི་ཁམས་སུ་འཚོ་བའི་ཆོལ་གསུམ་གངས་རིའི་སྤུན་ཟླ་ཀུན་གྱི་སེམས་སུ་ནམ་ཡང་ནུབ་ཐབས་མེད་པའི་ཉི་གཞོན་གསར་པ་ཞིག་བསྐྲུན་ཞིང་ནམ་ཡང་འགྱུར་ཐབས་མེད་པའི་དྲན་རྟེན་རྡོ་རྗེའི་མདུད་པ་ཞིག་རྒྱབ་ཡོད།
         རེད་ལགས། དུས་དང་སྐལ་པ་བཟང་པོ་འདིར། བཀྲ་ཤིས་པའི་གར་སྟེགས་འདིའི་སྒོ་མོ་ཐོག་མར་ཕྱེ་མཚམས་སུ། སྤུན་ཟླ་ཀུན་གྱི་རེ་སྒུག་གི་ལྷག་བསམ་རྣལ་མ་དེར། རིག་འཛིན་སྒྲོལ་མ་ཉིད་ནས་ལྷག་བསམ་དང་དུངས་སེམས་ཀྱིས་གླུ་ཡི་འགྱུར་ཁུག་དང་ལུས་ཀྱི་ཉམས་འགྱུར་ལྷུག་པོར་གྲོལ་བ་སྟེ། ཁོང་གིས《འབྲི་མོ་དུང་ཆུང་དཀར་མོ》ཞེས་པའི་གླུ་དབྱངས་ཀྱི་ཚན་པ་དེ་བརྒྱུད་ནས་དཔའ་རིས་གཡང་ཟོག་གི་ངུར་དབྱངས་དང་དུངས་སེམས་འོ་མ་དཀར་མོས་བོད་འབངས་ཀུན་གྱི་རེ་སྒུག་གི་གནད་ལ་ཕོག་པའི་ཁ་གཡང་སྒྲོག་པ་དང་ཆོས་ལྡན་སྒང་པ་ཀུན་ལ་ལྷག་བསམ་དག་པོས་མཚམས་འདྲི་ཞུ་བ་དང་གཞི་གཅིག་ཏུ་འཁུམས།
         མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་ཁྱེད་ཀྱི་མཚར་སྡུག་འོད་སྟོང་འབར་བའི་གར་སྟེགས་འདི་རུ། ཁྱེད་ཀྱིས་དཔའ་རིས་བའི་སྲོལ་རྒྱུན་གྱི་ཁྱད་ཆོས་ངོམས་ཤིང་ཁྱོད་ཀྱིས་སིང་སིང་གྲེ་འགྱུར་ངག་གིས་དཔའ་རིས་བའི་དར་རྒུད་ཀྱང་དབྱངས་སུ་འགུགས། ཀྱེ་མ། རེ་བའི་རྨི་ལམ་གྱི་གར་སྟེགས་འདི་རུ་ཁྱོད་དང་མ་དྲིན་མོ་ཆེ་ཁྱེད་གཉིས《ཞང་ཨ་ལེ་ལ་མོ་་་་་》ཡི་དབྱངས་བདུན་རྫོགས་པའི་གླུ་སྒྲའི་ཀློང་ནས་ཁྱོད་ཀྱི་དཀར་ལ་དམར་མདངས་ཆགས་པའི་མཁུར་ཚོས་ངོས་སུ་མིག་ཆུའི་རྡོག་པོ་འདྲིལ་བྱུང་ལ་མ་དྲིན་མོ་ཆེའི་ཚེ་མཇུག་གི་མིག་ཆུ་ཡང་ཁོང་གི་སྙིང་ཁོང་ན་བཞུར་བྱུང། ཀྱེ་མ། བདག་གི་མཛངས་མ་ལགས། ཁྱོད་ཀྱི་ཆུ་ཤེལ་ལྟར་གྱི་མིག་ཆུའི་རྡོག་པོ་དེ་ལས་ངས་ཁྱོད་ཀྱི་འཚོ་བའི་རྒྱབ་ལྗོངས་གཞན་ཞིག་མཐོང་ལ་ངས་ཁྱོད་ཀྱི་གསང་བའི་འཇིག་རྟེན་གཞན་ཞིག་ཀྱང་གསལ་ལེར་མཐོང་བྱུང། སྐབས་དེ་དུས། ཁྱེད་ཀྱི་དགའ་སྐྱོ་འདྲེས་མའི་འཇིག་རྟེན་འདི་ཤེལ་སྒོའི་ངོས་སུ་མཇལ་བའི་བརྙན་འཕྲིན་མདུན་གྱི་བདག་གི་གདུང་བ་དང་སེམས་འགུལ་ཅི་ཙམ་གྱིས་བསླངས་པའི་ཕོ་ཁྱོ་ག་ཞིག་གི་མིག་ཆུའི་བྲོ་བ་དེ་ཁྱོད་ཚོར་ངེས་ཡིན། ངའི་མིག་ཆུའི་བྲོ་བ་དེ་ཁྱོད་ཀྱིས་ཚོར་ན་ཁྱོད་ཀྱིས་ཁོ་བོའི་ལྷག་བསམ་གྱི་རྒྱབ་སྐྱོར་དེ་ཅི་ནས་ཀྱང་མི་ཚོར་ཨང། ཡིན་ཡང་བདག་གི་མྱངས་དུས་། དེ་ནི་ང་ཡང་ཁྱོད་ལྟར་མདུན་བསྐྱོད་ཀྱི་གོམ་ཁ་ཡི་ངར་ཤུགས་སུ་སིམས་འགྲོ
         ཡིན་ཡང་ཅང་འགོར་བར། ཁྱོད་ཀྱི་སྙན་སིང་སིང་གི་གྲེ་འགྱུར་ལས《དྲིན་མ་ལོའི་གསུངས་སྐད》ཅེས་པའི་གླུ་ཡི་འགྱུར་ཁུག་གིས་མ་དྲིན་མོ་ཆེའི་མིིག་ཆུ་འབྱིད་ལ་། བརྙན་འཕྲིན་མདུན་ནས་རང་ཉིད་ཀྱང་བརྗེད་པའི་ཁོ་བོའི་མིག་ཆུ་ཡང་རེ་ཞིག་སྐམས་སོང། གངས་ཅན་གྱི་ཁུ་བྱུག་ལགས། བདག་རང་སྤྲོ་འོས་པ་ཞིག་ནི་ཁྱོད་ལ་རྒྱབ་སྐྱོར་མཛད་མཁན་ཁོ་བོ་གཅིག་པུ་མི་ཚད་དེ། དཔའ་རིས་དོར་ཞི་རིན་པོ་ཆེ་དང་ལུང་རིན་ཆེན་སོགས་རང་རེའི་གངས་ཅན་ལྗོངས་ཀྱི་སྐྱེ་བོ་ཆེ་འབྲིང་ཆུང་གསུམ་གྱིས་ཁྱོད་ལ་ཤིས་ཚིག་ཞུ་བར་མཐོང་ཚེ། ཁོ་བོའི་ཡིད་ཀྱི་མེ་ལོང་ལས་མདོ་དབུས་ཁམས་གསུམ་གྱི་སྤུན་ཟླའི་མཐུན་སྒྲིལ་གྱི་ལག་གདངས་འདི་ཝ་ལེར་འཆར་ཞིང་ང་རང་གཟི་དཔལ་ཞིག་གིས་དགུང་དུ་བཏེགས་སོང། གཞན་ཡང་གར་སྟེགས་འདི་ནས་ཁྱོད་ཀྱིས་བཀའ་དྲིན་བླ་ན་མེད་པའི་རྒན་སྨན་བླ་སྐྱབས། འཇམ་དབྱངས་བསྟན་འཛིན་དང་ཀུན་དགའ་ཚེ་བརྟན་སོགས་ཆེད་དུ་གདན་འདྲེན་ཞུས་པར་བལྟས་ན། ཉིད་ནས་ཁོང་རྣམས་ལ་སྙན་འཇེབས་གླུ་ཡི་དབྱངས་རྟ་ཡིས་དྲིན་ཞིག་གཟོ་བ་ཡིན་ལས་ཆེ། དེ་བཞིན་ཁོང་རྣམས་ཀྱི་དཔྱད་གཏམ་ལས་ངས་ཁྱོད་ཀྱི་དཀའ་སྤྱད་ཀྱི་སྙིང་རུས་ཐོག་མར་མཐོང་ཞིང་ཁྱེད་ཀྱིས་དཀའ་སྡུག་གི་ངལ་བ་དང་དུ་ལེན་ནས་རང་ཉིད་ཀྱི་མི་ཚེ་འོད་དུ་སྒྲོན་པའི་ཚུལ་དེ་ལས།
         ས་མཐའ་ནས་ཐོས་འཚོལ་གྱི་ལམ་ལ་འཇུག་པའི་བདག་ཀྱང་ཁྱོད་ལྟར་བརྩོན་པའི་སྦྱོར་བར་བརྟེན་ནས་རང་གི་འདོད་འཇོའི་རྨི་ལམ་གྱི་གར་སྟེགས་སུ་རང་ཉིད་ཀྱི་མི་ཚེ་འོད་དུ་སྒྲོན་དགོས་པའི་སྐུལ་མ་དང་ངེས་ཤེས་ཀྱང་རྙེད་སོང་།
         དུས་འཁོར་ནི་སྐད་ཅིག་སྐད་ཅིག་གིས་འཁོར། སླར་ཡང་ཁྱེད་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་སེམས་དང་སྨྲ་དག་ལ་ངག་འཇམ་པའི་ངང་ནས《ལྷན་འཛོམས》ཞེས་པའི་གླུ་གཞས་ཀྱིས་གར་སྟེགས་ཀྱི་འཁྲབ་ཡོལ་བསྡུས་སོང། ཚངས་པའི་སྲས་མོ་ལགས། དེ་ནི་ཁ་སང་གི་དོན་བྱར་གྱུར་ནའང། དེ་ནི་འདས་སོང་གི་ལོ་རྒྱུས་སུ་འཐིམས་ནའང། ཁྱོད་ཀྱི་མཐོ་སྒང་ལ་ཕྲ་རྒྱན་བཏབ་པའི་གངས་རིའི་སྐར་རྒྱན་གྱི་གར་སྟེགས་དེ་ངས་ནམ་ཡང་བརྗེད་མི་སྲིད་ལ་ཁྱེད་ཀྱི་གངས་རིའི་སྲོལ་རྒྱུན་ལ་གསོན་ཤུགས་དང་མཛེས་སྡུག་བསྣན་པའི་རེ་བའི་རྨི་ལམ་གྱི་གར་སྟེགས་འདི་ངའི་སེམས་ཀྱི་ནམ་ཡང་ཉུལ་ཐབས་མེད་པའི་རྒྱབ་རི་ཡིན།
         ཀྱེ། ངའི་ཡིད་སེམས་གསོ་བའི་སེམས་ཀྱི་ཁུ་བྱུག་ལགས། ངས་ད་ལྟ་སྙན་ངག་ཅིག་འབྲི་བཞིན་ཁྱེད་རང་ཡིད་ལ་དྲན་ཞིང་ཁྱེད་ཀྱི་“འབྲལ་དགོས་འབྲལ་དགོས་མ་གསུངས། ང་རང་ཚོ་སླར་ཡང་མཇལ་ཡོང”ཞེས་པ་དེར་རེ་བས་སྒུག་བཞིན་ཡོད།

 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།