འཕྲིན་ལས་བཟོད་པའི་རྩོམ་ཡིག་ཁག་ཅིག
རུས་མིང་། འཕྲིན་ལས་བཟོད་པ།
འཛིན་གྲྭ མཐོ་གསུམ།
ཕ་ཡུལ། སྨར་ཁམས་རྫོང་།
པོ་ཏ་ལའི་དྲན་སྐུལ།
འདོད་པའི་དུས་ཀྱི་དཔལ་ཡོན་མི་ཡུལ་དུ་བཞད་ཚེ༎
དཔྱིད་ཀྱི་ཕོ་ཉས་སྒྲ་སྙན་མཐོ་སྒང་དུ་དཀྲོལ་བྱུང་༎
པད་མའི་ཚལ་ལ་འཇུག་པའི་ངང་མོ་དང་འདྲ་བའི༎
གྲངས་མེད་ཆོས་ལྡན་བོད་མི་ལྷ་ས་རུ་འཛོམས་སོང་༎
ཁྲ་ཁྲ་མེ་ཏོག་ས་ལ་རྒྱུ་སྐར་བཞིན་བཀྲ་བ༎
ཞིམ་ཞིམ་དྲི་མ་ཁོ་ར་ཁོར་ཡུག་ཏུ་ཁྱབ་འོང་༎
མང་མང་མི་ཚོགས་བྱེ་བ་སྟོང་ཕྲག་དང་བཅས་པ༎
སྙན་སྙན་མ་ཎི་བགྲངས་བཞིན་གནས་བསྐོར་ལ་ཆས་སོང་༎
ཞོགས་པའི་ཉི་འོད་རི་བོ་གྲུ་འཛིན་ལ་འཕྲོས་ཚེ༎
ཆེམ་ཆེམ་བྱིན་རླབས་སྣང་བ་ཕྱོགས་བཅུ་རུ་འཕྲོ་ཞིང་༎
མུན་པ་འཇོམས་པའི་སྲིད་པའི་སྒྲོན་མེ་དང་འདྲ་བས༎
བསྟོད་པའི་གླུ་དབྱངས་དབང་མེད་མགྲིན་པ་ནས་ཤོར་སོང་༎
ཕོ་བྲང་དཀར་པོའི་དུང་མདོག་ཆེམ་ཆེམ་དུ་འཕྲོས་ཚེ༎
དུས་དང་མཐུན་པའི་གོམ་སྟབས་སྒྱུར་བ་ལ་མཁས་པའི༎
གངས་ཀྱི་མེས་པོ་སྲོང་བཙན་སྒམ་པོའི་མཛད་རྗེས༎
བསུབ་མེད་ཡིད་ཀྱི་ངོས་ལ་མེ་ལོང་ལྟར་ཤར་བྱུང་༎
བཤད་སྒྲུབ་ལས་གསུམ་འཕེལ་བའི་ཁ་བ་ཡི་ལྗོངས་སུ༎
རྒྱ་གར་སྟོད་ཀྱི་ཆོས་ལུགས་ཡང་ཡང་དུ་སྤེལ་ལ༎
རྒྱ་ནག་སྨད་ཀྱི་ཁྲིམས་ལུགས་བོད་ཡུལ་དུ་དར་ནས༎
བཅུ་ཕྲག་རིག་པའི་མཚོ་མོར་རྦ་རླབས་ནི་འཕྱུར་བྱུང་༎
གངས་ཅན་མཐོ་སྒང་འཛམ་གླིང་ཡང་རྩེ་ཞིག་སྨྲ་བ༎
སྲོང་བཙན་ཁྱེད་ནི་དཔའ་ངར་ཡང་རྩེ་རུ་གྲགས་ཤིང་༎
ལྷག་པར་ཤེས་རིག་བློ་གྲོས་ཡང་རྩེ་རུ་སྤེལ་ནས༎
བསིལ་ལྡན་དཔལ་འབྱོར་མངའ་ཐང་ཡང་རྩེ་རུ་བསྐྲུན་བྱུང་༎
སླར་ཡང་བལྟས་ཚེ་ཕོ་བྲང་དམར་པོ་ཡི་གཟི་བརྗིད༎
མར་མེ་འབར་བ་ལྟ་བུའི་དམར་མདངས་ཀྱི་འོད་ལས༎
ཆོས་དང་སྲིད་ཀྱི་འཁོར་ལོ་ས་སྟེང་དུ་བསྐོར་བའི༎
རྒྱལ་དབང་ལྔ་པའི་མཛད་འཕྲིན་ལྷང་ལྷང་དུ་ཤར་བྱུང་༎
ཐོས་བསམ་སྒོམ་ལ་མཁས་པའི་གངས་ཅན་གྱི་ལྗོངས་ལ༎
རིག་པའི་གནས་ལྔའི་པད་མའི་འདབ་མ་ནི་རྒྱས་བྱུང་༎
ལོ་ཙཱ་རྒྱུ་སྐར་བཞིན་དུ་མཐོ་སྒང་དུ་འཛོམས་ནས༎
འཆད་རྩོད་རྩོམ་གསུམ་བྱ་བ་འཛད་མེད་དུ་སྤེལ་ལོ༎
དེ་ལྟའི་བརྗོད་ཀྱིས་མི་ལང་མེས་པོ་ཡི་མཛད་རྗེས༎
གངས་ཅན་མཐོ་སྒང་འདི་ལ་སྤྲིན་དཀར་བཞིན་འཁྲིགས་པས༎
བཅུ་ཕྲག་རིག་པའིི་ལྗོན་ཤིང་འདབ་མ་ནི་རྒྱས་ཤིང་༎
བྷོ་ཊའི་ཞིང་འདིར་སྲོལ་བཟང་མི་རིགས་ཤིག་བསྐྲུན་བྱུང་༎
དེང་དུས་དཔལ་འབྱོར་བྱ་རྒྱལ་རྒོད་པོ་བཞིན་འཕུར་ཡང་༎
དེང་དུས་གཞོན་ནུས་སྦུ་རག་ཐ་མག་ལ་རོལ་ནས༎
སྔོན་ཐོན་ཚན་རྩལ་སྦྱོང་བར་ངལ་བ་ཡིས་འཇིགས་པས༎
སྲོལ་རྒྱུན་གསུང་འབུམ་ལྟ་བ་དགོས་མེད་དུ་སྣང་སོང་༎
མི་དགེ་བཅུ་པོའི་ལས་རྣམས་རང་གཤིས་སུ་མ་གོམས༎
མེས་པོས་བཟོས་པའི་གྲུ་གཟེངས་བ་དན་དེ་བསྒྲེང་སྟེ༎
མཐའ་ཡས་རིག་པའི་ཆུ་གཏེར་ཆེན་པོ་ལ་བརྒལ་ཏེ༎
ལྔ་རིག་ནོར་བུ་དགོས་འདོད་ཀུན་འབྱུང་དེ་ལེན་འགྲོ༎
རྐང་དྲུག་རྩི་བཅུད་ལེན་བཞིན་ཚན་རྩལ་ལ་བརྩོན་དང་༎
འཆི་མེད་ཡུལ་ལས་སྐྱིད་པའི་གངས་ཅན་གྱི་ལྗོངས་ལ༎
པོ་ཏ་ལ་ལས་བརྗིད་པའི་ཚན་རིག་གི་ལྡིང་ཁང་༎
སྙན་པའི་གྲགས་པ་ས་གསུམ་ཁྱབ་པ་ཞིག་བསྐྲུན་འགྲོ༎
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com