བསྟན་འཛིན་ནོར་བུའི་རྩོམ་ཡིག་ཁག་ཅིག

རྩོམ་པ་པོ།:བསྟན་འཛིན་ནོར་བུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-01 14:45:00 ཀློག་གྲངས།:

 

གླེན་རྟགས།

          སྟག་གཟིག་ལྤགས་པ་གྱོན་པ༎
          བོད་མིའི་རྒྱན་ཆར་མ་གསུང་༎
          བལྟས་ན་ངོ་ཚའི་ཆས་འདིར༎
          ཞེ་ཆགས་དེ་འདྲ་མ་བྱེད༎
 
          ན་གཞོན་ནོར་ལུག་རྗེས་ལ༎
          མདུན་ལམ་ཡོད་པར་མ་བསམ༎
          མདུན་ལམ་མེད་པའི་ལས་ལ༎
          ཨུ་ཚུགས་དེ་འདྲ་མ་བྱེད༎

          གཡུ་དང་བྱུ་རུའི་རིགས་སོགས༎
          བུ་མོའི་རྒྱན་ཆར་མ་གསུང་༎
          ཤེས་ཡོན་མེད་པའི་བུ་མོར༎
          རྒྱན་ཆས་བརྒྱན་ཀྱང་ཅི་ཕན༎

          མཚོན་ཆ་གྲི་དང་མེ་མདའ༎
          སྐྱེས་ཕོའི་གཟི་བརྗིད་མ་ཡིན༎
          ཕན་ཐོགས་མེད་པའི་རྒྱུ་ལ༎
          ཧམ་ཐོབ་དེ་འདྲ་མ་རྒྱག །

          བོད་ཀྱི་སྐད་ཡིག་ཉིད་ལ༎
          བེད་སྤྱོད་མི་འདུག་མ་གསུང་༎
          མཐོང་རྒྱ་ཆུང་བའི་བོད་མིས༎
          འཆལ་གཏམ་དེ་འདྲ་མ་གླེང་༎

          ཕ་མ་གཅིག་གི་གདུང་རྒྱུད༎
          གངས་རིའི་སྤུན་ཟླ་མཐོང་སྐབས༎
          མཐོང་ཆུང་དམའ་འབེབ་པ༎
          དེ་ནི་གླེན་རྟགས་འབའ་ཞིག།

རེ་སྒུག

          མེ་ཏོག་ནམ་ཟླས་ཡལ་སོང༎
          གཡུ་སྦྲང་སེམས་པ་མ་སྐྱོ༎
          སླར་ཡང་མཇལ་བའི་དུས་ལ༎
          ཕན་ཚུན་སེམས་ནས་མ་བརྗེད༎

          དྭངས་གཙང་ཆུ་མིག་འགྲམ་ནས༎
          སྙིང་གཏམ་ལན་གསུམ་བྲིས་ནས༎
          ཉལ་འགྲོ་ཆུ་མོར་བསྐུར་ཡོད༎
          མཛའ་མོའི་ལག་ཏུ་ཨེ་འབྱོར༎

          རྟ་ཕོ་སྤང་ལ་ཤོར་དུས༎
          སྲབ་དང་མཐུ་མདས་ཟིན་ཐུབ༎
          བདག་སེམས་ཁྱོད་ལ་ཤོར་དུས༎
          ཟིན་པའི་ཐབས་ཤིག་མི་འདུག།

          ཚེས་ཆེན་བཅོ་ལྔའི་ཟླ་བ༎
          སླར་ཡང་ཤར་ནས་ཤར་བྱུང༎
          བྱམས་པ་རི་བོང་བློ་ལྡན༎
          མཇལ་བའི་སྨོན་ལམ་བཏབ་ཡོད༎

          ཁྱུ་བྱུག་མོན་དུ་ཕེབས་ནས༎
          ལོ་དང་ཟླ་བ་ཕྱིན་སོང༎
          འགྱུར་མེད་ཐང་ཤིང་ཤུག་པ༎
          ཁྱོད་ལ་རེ་སྒུག་བྱས་ཡོད༎
 
          ཆུང་འདྲིས་ཟླ་བ་ལྷ་མོ༎
          ཁ་ཐག་རིང་སོང་མ་བསམ༎
          ཐུག་འདོད་རེ་བ་ཡོད་ན༎
          སེམས་ཀྱི་ཁ་ལོ་བསྒྱུར་ཆོག༎

སེམས་ནང་གི་བུ་མོ།

          ས་ཆ་རྒྱུས་མེད་ཡུལ་ནས༎
          ཁྱོད་ཀྱིས་འཛུམ་ཞིག་བསྟན་བྱུང་༎
          ལྷད་མེད་བདག་གི་སེམས་པ༎
          དབང་མེད་ཁྱོད་ལ་ཤོར་སོང་༎

          རང་ཁྱིམ་ཕ་མའི་ཞལ་རས༎
          ཡིད་ལ་འཆར་རྒྱུ་མི་འདུག།
          རྒྱུས་མེད་ཁྱོད་ཀྱི་འཛུམ་དེ༎
          སེམས་ནས་བརྗེད་ཐབས་མི་འདུག།

          ཕ་རིའི་སྤང་གི་དཀྱིལ་དུ༎
          མེ་ཏོག་སྣ་བརྒྱ་བཞད་ཀྱང་༎
          རྐང་དྲུག་བུང་བའི་སེམས་ལ༎
          གུར་གུམ་ཁྱོད་ལས་མི་འདུག།

          མཚན་མོ་རྨི་ལམ་ཁྲོད་དུ༎
          ཁྱོད་དང་ཁ་བརྡ་བྱས་ཡོད༎
          ཉིནམོའི་མི་མང་ཁྲོད་དུ༎
          མིག་ཟུང་ཁྱོད་ལ་བལྟས་ཡོད༎

          ཁྱོད་སེམས་འོ་མའི་རྒྱ་མཚོ༎
          བདག་སེམས་གསེར་མིག་ཉ་མོ༎
          ཉ་མོ་ཆུ་ལ་འཁོར་འཁོར༎
          བདག་སེམས་ཁྱོད་ལ་འཁོར་ཡོད༎

          ཕ་བཟང་མ་བཟང་འུ་གཉིས༎
          བརྩེ་དུང་ལས་ཀྱིས་འབྲེལ་ན༎
          ཁང་ཆུང་གྲུ་བཞིའི་ནང་དུ༎
          མཉམ་འཛོམ་འདུན་པ་གཅིག་ཡིན༎

 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།