ཁེར་རྐྱང་གི་མཚན་མོ་དང་ངའི་བསམ་གཞིག་གི་འཁོར་ཕྱོགས།
དངོས་མིང་། དབྱངས་འབུམ་ཚེ་རིང་།
པིར་མིང་། གཡུ་སྲས།
འཛིན་གྲྭ 2009ལོའི་བོད་ཡིག་བརྡ་འཕྲིན་ཞིབ་འཇུག་སློབ་གླིང་གི་ཞིབ་འཇུག་འཛིན་གྲྭ
ཕ་ཡུལ། མཚོ་ལྷོ་ཁྲི་ཀ
ཁེར་རྐྱང་གི་མཚན་མོ་དང་ངའི་བསམ་གཞིག་གི་འཁོར་ཕྱོགས།
1
མཚན་མོར སྐར་ཚོགས་གཉིད་དུ་ཡུར་ཞིང་ཟླ་བ་སྒོམ་ལ་རོལ་དུས
ང་གཅིག་པུ་མཚན་ལྗོངས་རིང་མོ་འདིའི་ཁེར་རྐྱང་གི་བདག་པོ་ཡིན
ཁེར་རྐྱང་ཡིན་དུས ཕྱི་རོལ་གྱི་ནམ་ཟླའི་འགྱུར་བག་ལ་རྣ་བ་བླགས་མི་དགོས་ཤིང
མིག་མདུན་དུ་བཤམས་པའི་ལས་ཀ་ཙག་ཙིག་ཀྱང་ག་ལེར་བསྐྱུར་ཆོག་སྙམ
ཐ་མག་རྔུབ་ཀྱིན་ཉིན་འདི་འགའི་རིང་གི་འགྲོ་འདུག་སེམས་ཚེ
འཇིག་རྟེན་ནི་སོང་མི་ཚར་བའི་ལམ་གྱི་བཞི་མདོ་ཞིག་ཏུ་འཁྲུལ་ཞིང
འཁོར་བའང་མི་རྣམས་ཀྱི་སེམས་ངོ་སྒྲིབ་བྱེད་ཀྱི་སྨུག་པའི་སེང་རས་ཤིག་ཏུ་འཁུམས
སེམས་སུ་ལུས་པའི་ཟུག་རྔུ་ཡོད་ཚད་ལག་མཐིལ་དུ་བསྟར་ཏེ རེ་རེ་བཞིན
སྙིང་ཁོང་གི་ཤ་དྲོད་ལ་ཚ་ལམ་ལམ་གླན་དུས
ད་ནི་ངའི་འཇིག་རྟེན་ལའང་ལྷིང་འཇགས་ཀྱི་ལོ་ཟླ་ཞིག་ཇི་འདྲའི་མཁོ་ཨང་བསམས་བྱུང
ས་རུབ་ཐེངས་རེ་རེར ངས་ཞི་འཇམ་གྱི་མཚན་ངོགས་རེ་རེ་སིལ་བུར་གཏོར་ནས
གནམ་ལྕགས་ལྟ་བུའི་སྨྱུ་གུ་རྣོན་པོ་འདི་ཡང་ཡང་ཤུགས་ཀྱིས་བརྡར་ཏེ
འཇིག་རྟེན་འདིའི་ཁ་དོག་དང་ཡང་ལྕི་ཡོད་ཚད་དྲང་བདེན་གྱིས་འཇལ་གྱིན
དགེ་སྡིག་གི་རི་མོ་མཐའ་དག་ཡ་ཡོ་ཅི་ཡང་མེད་པར
སུ་ཞིག་གི་རྒྱུ་འབྲས་དང་སྙིང་རྗེ་འཛོམས་པའི་སེམས་ཁོང་དུ་བསྐྱིལ་ན་སྙམ་ཞིང
གསེར་དངུལ་གྱི་ཞུན་མས་གྲུབ་པའི་བདེན་ལུགས་ཀྱི་ཁ་དོག་ཡོད་ཚད
སུ་ཞིག་གི་འདར་འདར་དུ་གཡོ་བའི་གློ་སྙིང་མཆིན་གསུམ་གྱི་ཀློང་དུ་འཕེན་ཐུབ་ན་སྙམ
མཚན་མོ་སླེབས་དུས མང་པོ་ཞིག་གི་ངོ་གདོང་གི་རི་མོ་ཇེ་གསལ་དུ་འགྲོ་ཞིང
མོད་པོ་ཞིག་གི་གཡོ་སྒྱུ་དང་ཚུལ་འཆོས་ཀྱི་བརྙན་རིས་ཀྱང་མངོན་སུམ་དུ་མཐོང་ཡོང
དེ་ལྟ་ནའང མུན་ནག་གི་གྲིབ་རིས་ཕོན་ཆེན་གྱིས་བསླད་པའི་འཇིག་རྟེན་འདི་རུ
ང་རང་གླུ་བ་གཤའ་མ་ཞིག་བྱེད་རྒྱུའི་ཕུགས་འདུན་གྱི་རྒོད་པོ་དེ་སུས་ཀྱང་ལྡོག་ཏུ་མེད་ཅིང
གླུ་སྐད་ལ་བརྒྱུས་པའི་ངའི་བསམ་གཞིག་གི་འཁོར་ཕྱོགས་ཀྱང་སྔར་བཞིན་འགྱུར་མི་སྲིད
མཚན་མོ་སླེབས་ཐེངས་རེ་རེར ང་རང་ཁང་མིག་དོག་པོ་ཞིག་ཏུ་པུས་ཚུགས་སུ་བསྡད་དེ
ཆེས་ཐོག་མའི་གླུ་ངག་གི་གསང་བའི་སྒོ་མོ་ཡངས་པའི་ཐང་ཆེན་དུ་གཏད་ནས
མཚན་མོ་འདི་ལ་ཁ་ཞེ་གཉིས་མེད་ཀྱིས་གླུ་གཞས་ཤིག་སང་སང་ལེན་འདོད་སྐྱེས་བྱུང
2
མཚན་མོ་སླེབས་ཐེངས་རེ་རེར ངས་མཚན་གཞུང་གི་མུན་པ་ནག་པོ་གཉའ་གོང་དུ་ཁུར་ཏེ
དབེན་སིམ་སིམ་གྱི་མཚན་མོ་རེ་རེ་བསམ་གཞིག་གི་གཤོག་པའི་རྩེ་ལ་བཏགས་ཤིང
སྟོང་ཧང་ཧང་གི་མཚན་མོ་རེ་རེ་དྲན་སྣང་གི་སེམས་འགྱུའི་ཁུད་དུ་གཅུད་དེ
སྒང་གཤོང་གི་གྲུ་ག་རེ་རེ་ན ས་ནག་དང་ལྷགས་རླུང་སྙིང་རུས་ཀྱིས་ལྡོད་ཀྱིན
རླུང་དམར་དང་བུ་ཡུག་ལ་རྒོལ་ལན་སྤྲོད་ཀྱིན་པའི
ཕུ་ནུ་མིང་སྲིང་ཚོའི་སྐོམ་གདུང་གི་ཁ་ཤའི་སེར་ཁ་དེའང་དྲན་དགོས་བྱུང
ལས་སྐལ་གྱི་མདུད་ཐག་གཅིག་ཏུ་བརྒྱུས་པའི་ཁོ་ཚོའང་ཚོད་ཚོད་ལ་དྲན་དགོས་བྱུང
མཚན་མོ་སླེབས་ཐེངས་རེ་རེར ངས་བམ་མཐུག་པའི་མནོ་བསམ་གྱི་གཤོག་པ་རྒྱང་དུ་བརྐྱངས་ཏེ
ལོ་རྒྱུས་ཀྱིས་ཁུ་སིམ་མེར་བསྐྱུར་བའི་སོས་མེད་ཀྱི་རྨ་ཁ་དག
འཁྱག་སིབ་སིབ་ངང་རང་ཉིད་ཀྱི་ཞེ་བློར་མི་འདོད་བཞིན་ལྕིབས་ཤིང
པོ་ཏ་ལའི་ཁེར་རྐྱང་གི་ངུ་འབོད་དང་ཡུམ་བུ་བླ་མཁར་གྱི་སྐྱ་ཧྲལ་ཧྲུལ་གྱི་ངོ་གདོང
བར་སྐོར་གླིང་གི་མུ་ལྟོ་བ་ཚོའི་སློང་ཕོར་སོགས་ལའང་ཞིབ་ཏུ་བསམ་བློ་གཏོང་དགོས་བྱུང
ཁེར་རྐྱང་ཡིན་དུས ཞིང་གྲོང་དང་ཨ་མ རྫ་རི་དང་གླག་རྒོད
མཚོ་སྔོན་པོའི་རླབས་རྒྱུན་སོགས་ཀྱང་ཅི་འདོད་དུ་དྲན་ཆོག་ལ
ཤོག་བུ་ཐར་གཅིག་དང་སྨྱུ་གུ་ཟད་པོ་ཞིག་གིས
སེམས་པའི་མེ་ལོང་གི་དབུས་སུ་མདོ་དབུས་ཁམས་གསུམ་ཅི་དགར་བྲིས་ཆོག་སྙམ
མཚན་མོའི་ངོགས་སུ དྲན་པ་ནི་གཤོག་པ་ཐོགས་པའི་གླུ་གཞས་ཤིག་དང་ཡང་མཚུངས་ཏེ
ཚངས་དབྱངས་པས་སེམས་མཐུན་ལ་བསྒྲོན་པའི་གླུ་ངག་དང་མིག་ཆུ་ཁྱོར་གང
མུན་པའི་བང་རིམ་བརྟོལ་ཏེ་ངའི་ཡིད་ལ་སབ་སིབ་བབས་ཡོང
མཚན་མོ་སླེབས་ཐེངས་རེ་རེར ངའི་བསམ་གཞིག་གི་མེ་སྟག་ཟད་དུ་མེད
3
མཚན་མོ་སླེབས་ཐེངས་རེ་རེར ངས་དེ་ལྟར་མུ་མེད་ཀྱི་བསམ་གཞིག་སྙེག་སྟེ
སུ་ཞིག་གི་མིག་ཀོང་ནས་འབུས་པའི་གསེར་གྱི་ས་བོན་རེ་རེ
ནག་ཡོར་ཡོར་གྱི་མུན་པའི་ཀློང་ན་ཆད་མེད་དུ་རུལ་གྱིན་པ་མཐོང་ཞིང
སུ་ཞིག་གི་རྨ་མེད་པའི་མཐིང་མདོག་གི་རྨི་ལམ་གསོན་པོ་རེ་རེ་ཡང
དཔྱིད་ལྗོངས་ཀྱི་རླུང་འཚུབ་ཁྲོད་ན་འཐོར་རླུང་གིས་ཟོས་འགྲོ་བ་མཐོང་བས
ངས་ན་ཟུག་དང་བཅས་གློག་འོད་ཡོད་ཚད་གཟིམས་ཤིང
བསམ་གཞིག་གི་སྒོ་མོ་ཡོད་ཚད་ཤུལ་མེད་དུ་བརྒྱབ་སྟེ
མི་རྐྱང་གི་མལ་ཁྲི་གྲུ་བཞིར་འུ་ཐུག་གིས་བུད་དུས
མལ་ཐུལ་གྱི་རུམ་ན་མིག་ཆུ་ཁོ་ནར་སྐད་སྒྲ་མེད
མིག་ཆུ་ཁོ་ནར་སྐད་སྒྲ་མེད
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com