ཆོས་སྒྲོན་ལ་བསྐུར་བའི་འཕྲིན་ཐུང་གོ་དགུ་པ།

རྩོམ་པ་པོ།:དཀོན་མཆོག་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-25 17:16:00 ཀློག་གྲངས།:


དངོས་མིང་།  དཀོན་མཆོག་ཚེ་རིང་།
པིར་མིང་། གཡུ་དཀོན་ཅོག
འཛིན་གྲྭ  2010ལོའི་བོད་སྐད་ཡིག་རྩོམ་རིག་དགེ་སྦྱོང་འཛིན་གྲྭ
ཕ་ཡུལ།  མཚོ་ལྷོ་ཁྲི་ཀ

ཆོས་སྒྲོན་ལ་བསྐུར་བའི་འཕྲིན་ཐུང་གོ་དགུ་པ།

        མཛེས་སྡུག་སྔོ་བསངས་ཀྱི་ནམ་མཁའ། །
        གཞུང་དྲང་སྙིང་སྡུག་གི་བུ་མོ། །
        ལང་ཚོ་མཚར་སྡུག་ཏུ་བསྐྲུན་པའི། །
        འགོག་མེད་སྣང་བ་དེ་སྐྱིད་པ། །
 
        ཁྱོད་རང་ལྷ་ས་རུ་ཆས་སོང་། །
        ང་རང་ཨ་མདོ་རུ་སླེབས་ཡོང་། །
        ལུས་པོ་རྒྱང་རིང་དུ་གྱེས་ཀྱང་། །
        སེམས་པ་ཐིག་གཅིག་ཏུ་འདུག་གོ །
 
        རླུང་བུ་ནུབ་ཕྱོགས་སུ་ལྡང་སོང་། །
        རང་སེམས་ཁྱོད་ཕྱོགས་སུ་འགུལ་སོང་། །
        ཉི་མ་ལྷ་ས་ཞེས་བོས་པས། །
        ཁྱོད་ཞལ་རང་བློ་རུ་འཆར་འོངས། །
 
        འཕྲིན་པ་ལན་མང་དུ་བསྐུར་ཏེ། །
        སྙིང་གཏམ་གཅིག་མཇུག་ཏུ་གཉིས་བྱོས། །
        འཇིག་རྟེན་སྣང་བ་འདིའི་འོག་ན། །
        འུ་གཉིས་བཀྲག་མདངས་ཀྱིས་འགྲེངས་འདུག །
 
        ཞལ་རས་དུང་ཟླ་དང་འདྲ་ཞིང་། །
        སྨྲ་བསམ་ཚིག་འདུས་སུ་གྲུབ་པའི། །
        འཕྲིན་ཐུང་ཨ་ལོང་དུ་སྦྲེལ་བས། །
        འཁོར་བའི་སྙིང་བོ་དེ་གསལ་སོང་། །
 
        དེ་རིང་ནམ་མཁའ་ནི་དྭངས་ཤིང་། །
        ཁ་སང་སེམས་པ་རང་སྐྱིད་པས། །
        ཁ་སང་དེ་རིང་གི་ང་ལ། །
        ཁྱོད་ཀྱི་བརྩེ་བ་ལས་ཅི་མཁོ། །
 
        ཉི་མ་ལྷ་ས་ཞེས་གླེང་ནས། །
        ཕོ་བྲང་དམར་པོ་རུ་མཇལ་ཞོར། །
        ཁྱོད་དང་ལག་སེམས་ནི་སྦྲེལ་ཏེ། །
        ཇོ་བོ་ཡིད་བཞིན་དེ་བསྐྱུར་འདོད། །
 
        ང་ཡི་སེམས་པ་འདིའི་ངོགས་སུ། །
        ལྷད་མེད་བརྩེ་དུངས་ཀྱི་གྲུ་གཟིངས། །
        ཁྱོད་ཀྱི་ཚིག་འགྲོས་དང་བསྟུན་ནས། །
        མཚམས་རེར་བར་སྣང་ལ་ལོས་བཞུད། །
 
        ཁ་བ་དཀར་པོ་རུ་འཐིམས་པའི། །
        རང་སེམས་མེ་ལོང་དུ་ཤར་ཚེ། །
        དྲན་ཤིང་རིང་མོ་དེའི་ཕུགས་སུ། །
        ཅི་བསམ་ལྷུན་འགྲུབ་ཏུ་སྨོན་ཡོད། །
 
        རྒྱ་ལོ་ཚེས་གཅིག་ལ་ཐོན་ཐལ། །
        བོད་ལོ་ཚེས་གཅིག་ལ་སྒུག་ནས། །
        ཕུ་ནུ་མིང་སྲིང་ཚོ་མ་འཛོམས། །
        ལོ་སར་སྐྱིད་པོ་ནི་མིན་སོང་། །
 
        ཉི་མ་ནུབ་ཕྱོགས་སུ་འཁོར་ནས། །
        སེམས་པ་ཁྱོད་ཕྱོགས་སུ་ཆས་ཐལ། །
        འགོག་ཐབས་མེད་པ་ནི་མ་དྲིས། །
        དྲང་གཏམ་དྲང་མོ་རུ་བཞུར་ཐལ། །

2011ལོའི་དགུན་ཟླ་ཐ་མའི་ཚེས21ཉིན་བྲིས།

 

 
 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།