རླུང་ལ་སྤུར་བའི་སྙན་ངག་ཁག་གསུམ།
དངོས་མིང་། བྱམས་པ་དབང་ཕྱུག
པིར་མིང་། སྤྱན་དུངས།
འཛིན་གྲྭ 2009ལོའི་བོད་སྐད་ཡིག་རྩོམ་རིག་དངོས་འཕར་འཛིན་གྲྭ
ཕ་ཡུལ། སི་ཁྲོན་མཛོད་དགེ
རླུང་ལ་སྤུར་བའི་སྙན་ངག་ཁག་གསུམ།
ཁེར་རྐྱང་དུ་གྱུར་བ།
Sལ་བྲིས་པའི་སྙན་ངག་དང་པོ།
ང་ནི་ཁྱེད་དང་མཉམ་དུ་ལག་ཆགས་པ་ཡིན།
ཡང་ན། ངའི་དགའ་སྡུག་གི་དུས་ཚོད་མཐའ་དག
ཁྱོད་ཀྱི་གྲིབ་འོག་ཏུ་སྦས་ཤིང་སྐོང་ནས་ཡུན་རིང་འགོར་ཡོད།
དོ་དགོང་། ཁེར་རྐྱང་གིས་ང་ལ་ན་ཟུག་སློང་གིན་འདུག
ངའི་ཤ་གསེང་རུས་གསེང་དུ་ཟུག་པའི་ཁྱོད་རང་སློག་གིན་འདུག
ཁྱེད་དང་མཉམ་དུ་རོལ་བའི་ལོ་ཟླ་ཞིག་གི་དྲན་པ་སློང་གིན་འདུག
མིན། ང་ཁྱེད་དང་མཉམ་དུ་ཡོད།
ཁུ་སིམ་མེར་བཞུར་བའི་ཁེར་རྐྱང་གི་སྡུག་ཡུས་མཐའ་དག
ངའི་སྙིང་ལ་ཉར་བའི་ཁྱེད་རང་དང་།
དུས་ཚོད་ཀྱི་གཙང་བོར་བབས་པའི་བརྩེ་དུང་གི་རླབས་ཕྲེང་ཡིན།
ཡོད་ཚད་འཇམ་ཐིང་ངེར་གྱུར་བའི་དགོང་མོ་འདིར།
ཡང་བསྐྱར། ཁྱོད་ཀྱི་མགོ་བོ་བདག་ལ་བསྔས་ཤིང་།
རྒྱང་རིང་དུ་ཕྱིན་པའི་གཏམ་རྒྱུད་ཅིག་ལ་ག་ལེར་གསན་རོགས།
2012ལོའི་ཟླ5བའི་ཚེས6ཉིན་གྱི་ཕྱི་དྲོའི་ཆུ་ཚོད11:20སྟེང་ཁ་རོག་གེར་མལ་ཁང་ནས་བྲིས།
འབར་ཁམས། འབར་ཁམས།
སླར་ཡང་། འབར་ཁམས་སུ་ལོག་པ་ནི།
མི་ལོ་བཞི་ཕྱིར་ལྡོག་ཅིང་ལྟེབས་པའི་གོ་རིམ་སྟེ།
རི་གཟར་བྲག་ཕྲེང་གི་ཕ་གིར།
རྒྱལ་རོང་རྡོ་བརྩིགས་བཙན་རྫོང་ལྟ་བུའི།
ལོ་ཟླས་ནུབ་ཏུ་མེད་པའི་དྲན་པ་ཞིག་ཡོད།
རྒྱལ་མོ་རྔུལ་ཆུས་གནང་བའི།
ཞེ་སྡང་དང་ངུ་སྐད་དང་གོམ་སྒྲ་ཡོད་དོ་ཅོག
འབར་ཁམས་སུ་མཆེད་ཅིང་འདས་པའི་མི་ལོ་བཞི་སྟེ།
ཆེས་ཚ་གྲང་མི་སྙོམས་པའི།
རྒྱལ་རོང་བའི་མགོ་ཐོག་གི་ནམ་གཤིས་དང་འདྲ།
གང་ལྟར། དེ་རིང་ང་འབར་ཁམས་སུ་ལོག་ཡོད།
མི་ཕོ་རལ་བ་ཅན་ཞིག་གི་རྒྱབ་གཟུགས་དྲན་ཞིང་།
རང་གི་སྐྱེས་སྐར་ལ་རྟེན་འབྲེལ་ཀྱང་ཞུ་རྩིས་ཡིན།
2012ལོའི་ཟླ4བའི་ཚེས27ཉིན་འབར་ཁམས་སུ་བྲིས།
གྲོགས་པོ། ཀུ་རེ་མི་རྩེ་རོགས།
ཁྱོད་ཀྱི་ཆོན་མཐའ་མུན་པས་བསྒྲིབས་སོང་།
ཕྱོགས་བཞིའི་དར་ཤིང་དང་བཅས་པ་རླུང་གིས་རྫོགས་སོང་།
མར་མེའི་འོད་ཀྱང་གཟིམས་སོང་།
ཁྱོད་ལ་ཅི་ཡང་མེད།
ཁྱོད་ཀྱི་ཨ་མ་ལགས་ལ་མཆི་མ་མི་འདུག་ཟེར།
ངས་ཀྱང་ངག་མི་འཁྲོལ་བར་གྱུར་ཡོད།
གྲོགས་པོ། ཀུ་རེ་མི་རྩེ་རོགས།
2012ལོའི་ཟླ4བའི་ཚེས28ཉིན་ཕ་ཡུལ་ནས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com