སྙིང་ནས་གདམས་པའི་ངག་རིག་དབྱངས་ཀྱི་རྒྱལ་མོ།

རྩོམ་པ་པོ།:བྱམས་པ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-22 16:33:00 ཀློག་གྲངས།:


དངོས་མིང་།  བྱམས་པ་ཚེ་རིང་།
པིར་མིང་། སྙན་བཟང་བྱམས་པ།
འཛིན་གྲྭ  2009ལོའི་བོད་སྐད་ཡིག་རྩོམ་རིག་འཛིན་གྲྭ་དང་པོ།
ཕ་ཡུལ།  རེབ་གོང་སྙན་བཟང་།

སྙིང་ནས་གདམས་པའི་ངག་རིག་དབྱངས་ཀྱི་རྒྱལ་མོ།

     ཀ་ཤའི་གཟུགས་བརྙན་གསལ་བར་བྱེད་ལ་ཁ་བའི་རྡུལ་མང་རབ་བརྩེགས་པའི། །
     ག་ཡང་སཱ་ལའི་སྨན་གྱི་ལྗོངས་འདིར་ང་ནི་སྨོན་པས་རབ་ཏུ་བྲེལ། །
     ཅ་ནེ་ཐོགས་པའི་ཨ་མ་རྒན་མོས་ཆ་མེད་དཔོན་པོར་འདི་སྐད་དེ། །
     ཇ་ཆང་སྲིད་པའི་ཕུན་ཚོགས་དག་ནི་ཉྭ་མོ་སོགས་ཀྱི་ལོངས་སྤྱོད་འདི། །
     ཏ་རེན་དགོས་དབང་སླད་དུ་སྨོས་ནས་ཐ་མལ་ཁྱེད་ཚོས་བླངས་ཟིན་ཀྱང་། །
     ད་ནི་ཕྱིར་དྲན་མཚོ་མོའི་ཀློང་ནས་ན་གཞོན་ཚོ་ལ་ལུགས་ཤིག་གདམས། །
     པ་སངས་སྐར་མའི་རང་མདངས་འཛིན་ན་ཕ་མེས་བླ་སྲོག་མ་བོར་བར། །
     བ་མོའི་ཤུགས་བཞིན་སྟོབས་ཀྱིས་འདེགས་པར་མ་རབས་བྲ་ཆལ་མ་བྱེད་ཅིག །
     ཙ་རི་གཙོར་བྱས་སྒང་དྲུག་ལྗོངས་འདིར་དུས་ཀྱི་ཚ་བས་གཙེས་པ་ནས། །
     ཛ་ཡའི་གསུང་རབ་མང་དག་ཅིག་ནི་ཝ་མ་ཝོལ་ལ་རྩད་ནས་བརླགས། །
     ཞྭ་དཀར་དང་ནི་ཞྭ་སེར་ལ་སོགས་བསྟན་ཀུན་ཟ་ལྷག་ལྟར་རྩིས་ནས། །
     འ་ཅག་མིག་གི་མདུན་སར་བསྲེགས་ལྷན་ཡ་རབས་མཁས་པར་གཅར་བརྡུང་བཏང་། །
     ར་ལུག་ལ་སོགས་སྒོ་ཕྱུགས་དག་ཀྱང་ལ་ལུང་ཀུན་ཏུ་བྲོས་པ་ནི། །
     ཤ་བ་རྔོན་པས་རྒྱང་དུ་དེད་བཞིན་ས་སྟེང་སྐྱེ་རྒུར་མྱ་ངན་བྱིན། །
     ཧ་ཅང་འཇིགས་པའི་མྱོང་བ་དག་ནི་ཨ་མ་རྒན་མོ་ང་གསལ་བས། །
     ཧ་ཧ་ཧོ་ཧོའི་དུས་ནི་མ་ཡིན་ཨ་ཁུ་དཔོན་པོས་ཅུང་ཟད་སོམས། །
     ཨ་ལོང་སྦྲེལ་འདྲའི་མཐུན་ལམ་མེད་པར་ཧ་ལོའི་བརྟུལ་ཞུགས་འཛིན་པ་ལས། །
     ས་ལེར་སྦྲམ་གྱི་གཤིས་ལུགས་འཚོལ་དང་ཤ་དར་ཞིག་གི་མཚོན་རྟགས་ཡིན། །
     ལ་ཁའི་ཉི་ཟེར་སྙིང་ལ་འཕོས་ཚེ་ར་བ་སྟོད་པའི་ལོ་རྒྱུས་དྲན། །
     ཡ་མཚན་ཡོན་ཏན་དཔག་པར་དཀའ་བས་འ་འུར་སྒྲོག་པ་གཏན་ནས་མིན། །
     ཟ་འཐུང་འབའ་ཞིག་དོན་དུ་གཉེར་བ་ཞ་ར་ཞིག་དང་གཉིས་མེད་པས། །
     ཝ་སྐྱེས་རྒྱལ་བོའི་ཚུལ་འཆོས་སོགས་ནི་སྐྱེན་པོར་ཛ་ཧུའི་བུ་མོར་སྐུར། །
     ཚ་གྲང་དཀའ་བའི་ཁྱད་གསོད་བྱང་ན་ཙ་རིའི་བསྐོར་བར་ཆགས་ཐོགས་བྲལ། །
     མ་ཡུམ་གངས་ལྗོངས་རྐང་འཐུང་རྒྱས་པར་བ་དན་དགུང་ལ་རེག་ཕྱིར་དུ། །
     ཕ་རོལ་བདུད་ཀྱི་གཡབ་མོར་མ་སྙེགས་པ་སངས་བུ་ལོར་རྩེ་གཅིག་གདམས། །
     ན་ཚོད་དར་དུས་རང་ཚུགས་ཐུབ་ན་ད་གཟོད་སྟག་ཤར་མཆོག་བརྩི་ཞིང་། །
     ཐ་མག་སོགས་ཀྱིས་མཚོན་པར་མིན་པས་ཏ་རེན་མ་ཟེར་རིང་དུ་སྤྱུགས། །
     ཉ་ཉོག་གཏམ་གྱི་རྡུལ་རྫས་སྤུངས་མིན་ཇ་ཆང་ཞིམ་པོའི་སྡེར་ཁ་བཞིན། །
     ཆ་ལུགས་བཅོས་པར་རབ་ཏུ་སྨན་པས་ཅ་དག་བྱས་ཏེ་ལེན་པར་རིགས། །
     ང་ཚོ་ཚང་མའི་ལས་དབང་གཅིག་པ་ག་དུས་ཡིན་ཡང་བསམ་དགོས་ཤིང་། །
     ཁ་ན་སྒྲོག་པ་དོན་དུ་འཁྱོལ་དགོས་ཀྭ་ཡེ་རིགས་ཐུན་ཁྱེད་ཚོར་ཐུག །

2011ལོའི་ཟླ3པའི་ཚེས30ཉིན་ལན་གྲུ་ནས།

 
 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།