ལོ་ལོ་མ་ངུ་གཉིད་ལ་སྡོད། དབྱངས་འབུམ་ཚེ་རིང༌།
ལོ་ལོ་མ་ངུ་གཉིད་ལ་སྡོད།
མཐོ་གཉིས་འཛིན་གྲྭ་དང་པོ། དབྱངས་འབུམ་ཚེ་རིང༌།
འཛམ་གླིང་ས་ཆེན་ཁྱོན་ལ་དཔྱངས་པ་མཐིང་སྨུག་གཡུ་སྦྲ་རལ་བོ་ཞིག །
མི་འདོད་དུས་ཀྱི་རླུང་ཆེན་གཡུགས་པས་ལྷབ་ལྷུབ་འདར་བའི་ངང་ཚུལ་ལས།།
ཚོར་མེད་ས་དང་རྡུལ་ལ་བསྒོས་པ་འུ་ཅག་ཚང་གི་ལུང་པ་ནས།།
ལོ་ལོ་མ་ངུ་གཉིད་ལ་སྡོད་དང་གངས་འཁྱག་རྐང་ལ་ཟུག་ནས་འོངས།།
རྐྱེན་གྱི་ཟེགས་མ་མཁའ་རུ་འཕྱུར་བ་རེ་འབྲས་ཁ་བ་ནག་པོའི་རྒྱུན།།
འཁྲུལ་ཤེས་ལྷགས་པས་དྲག་ཏུ་དཀྲུགས་པ་མི་མངོན་དབྱིངས་ནས་ལྷག་ཏུ་བབས།།
རྒས་འཁོགས་རྒན་པོའི་རྒས་གཉེར་འདྲ་བ་ལུང་བ་བྱང་ལྟའི་ཕུ་མགོ་ནས།།
ལོ་ལོ་མ་ངུ་གཉིད་ལ་སྡོད་དང་ཡན་ལག་ཉིང་ལག་འཐོར་གྱིན་འདུག།
མཐིང་སླད་འཚུབ་མའི་གཡུག་སྐོར་ཀློང་ན་སྨྲ་ར་འཛིང་པའི་རྒན་པོ་ཞིག །
ཀྱག་ཀྱོག་ཅན་གྱི་བཤུལ་ལམ་དེད་ཅིང་ཨུ་ཚུགས་བགྱི་བ་འཐེང་པོའི་འགྲོས།།
ད་ནི་འགྱེལ་ཅིང་གོག་མ་ནུར་གྱིས་ཁྱིམ་འདིའི་མདུན་རིའི་ཕར་རྒྱབ་ན།།
ལོ་ལོ་མ་ངུ་གཉིད་ལ་སྡོད་དང་ལྟོགས་སྐོམ་བུ་ཡུག་འཚུབ་ཀྱིན་འདུག།
ཡ་གིའི་འཐོར་རླུང་ཙག་སྒྲ་ཞིག་གིས་མ་གིའི་སྒང་དུ་དེད་ཅིང་ལྡང༌།།
ཨ་གསར་ཟད་པའི་ལྷམ་ཆུང་ཞིག་ཀྱང་རྡོ་ཆས་རྩེད་རའི་ཧྲག་བར་ན།།
ཐང་ཆད་འགྲམ་པ་ས་རུ་བཞག་ཅིང་མུག་སྐད་ཅར་ཅོར་སྒྲོག་བཞིན་པས།།
ལོ་ལོ་མ་ངུ་གཉིད་ལ་སྡོད་དང་མཐེའུ་ཆུང་འཁྱག་ལ་འབྱར་གྱིན་འདུག།
ཁིས་ཆེན་ཉག་ག་མདའ་སྟོང་འདྲ་ཞིག་བྱེ་རྡུལ་འཚུབ་མས་འགོག་གིན་འདུག །
དེ་ཡི་རྒྱབ་ན་ཨ་སྐྱོ་ཞིག་ཀྱང་རྐང་ལམ་འདོམ་ལ་འཇལ་གྱིན་འདུག །
དམར་ཐག་ཆོད་པའི་ཉི་མའི་དབུ་ཐོད་འདི་རུ་བརྡབ་ཅིང་འགྱེལ་བ་ཡིས།།
ལོ་ལོ་མ་ངུ་གཉིད་ལ་སྡོད་དང་དོན་སྙིང་མུན་པས་འཆའ་ཞིང་འདུག །
སྨུག་སྤྲིན་སྟུག་པོ་རླུང་གིས་བདས་ཤིང་རི་རྒྱུད་དེད་ནས་འོང་གིན་འདུག །
དེ་ཡི་རྗེས་ན་དྲག་ཆར་ཞིག་ཀྱང་ཚམ་ཚོམ་མེད་པར་འདུར་གྱིན་གདའ།།
དྲག་པོ་སྐད་ཀྱིས་ཀླད་ཞོ་དཀྲུགས་པ་རྨོངས་སྐྲན་དེའུའི་མར་གཤམ་ནས།།
ལོ་ལོ་མ་ངུ་གཉིད་ལ་སྡོད་དང་ནེའུ་སྐྲའི་ཁ་དོག་འགྱུར་གྱིན་འདུག།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com