ཕྱིར་རྟོགས་ཁྲོད་ཀྱི་ཕ་ཡུལ། སེ་ཀུན་ཐུབ་རྡོ་རྗེ།
ཕྱིར་རྟོགས་ཁྲོད་ཀྱི་ཕ་ཡུལ།
མཐོ་གཉིས་བཞི་བ། སེ་ཀུན་ཐུབ་རྡོ་རྗེ།
ཕ་ཡུལ་ལགས།
ཁྱེད་ཀྱི་པང་དུ་བུ་རྒོད་པོའི་གཡུལ་འཁྲུག་བྱས་ས་ཡོད་ལ།
མ་བུ་མོར་མཛངས་མིང་ཐོགས་སའང་ཡོད།
ཁྱེད་ཀྱི་ཕྱི་ནང་གི་བཀོད་པ་ལྷ་ཡུལ་ལ་འགྲན་པ་བདེན་ནམ།
ད་ཆ། ཁྱེད་ཀྱི་ལུས་ཟུངས་འདི་ཅི་འདྲའི་ཉམས་ཐག་ཅིག
ཅི་འདྲའི་ཐབས་ཆགས་ཤིག
འོན་ཀྱང༌།
ངའི་ནམ་ཡང་ཁྱེད་ལ་ལེ་བདའ་དང་སྨྲེ་ངག་འདོན་མི་སྲིད་ལ།
སྐྱོ་བ་དང་ཤུགས་རིང་འབྱིན་ག་ལ་སྲིད།
ངའི་ཁྱེད་ལ་བཅངས་པའི་བརྩེ་དུངས་འདི།
ཆར་ཤུལ་འཇའ་གུར་གྱི་སྣང་བརྙན་ཞིག་ག་ལ་ཡིན།
དེ་ནི་སྦྲ་ནག་གི་གོང་ཁ།
རི་སུལ་གྱི་འཚོ་བ།
བྱིས་དུས་ཀྱི་རྩེད་ཁང༌།
ཨ་མའི་མར་ལོ་བཅས་ཀྱི་བྲོ་བ་དང་བག་ཆགས་སྟུག་པོས་ང་ལ་དྲན་ཤིང་བཞག་ཡོད་ཡ།
དེ་མིན། ཨ་ཕའི་སྒྲུང་དང་ཕུ་ནུ་མིང་སྲིང་གི་དགོད་སྒྲ
ཨ་ཅེ་སྒྲོལ་མའི་གླུ་སྐད།
ད་དུང་ཡོད་ཚད་ཀྱིས་ང་ལ་བརྗེད་བྱང་བཀོད་ཡོད།
བདག་གི་རྨི་ལམ་དུ་གཡུ་སྦྲང་བཞིན་འཁོར་ཡོང་བ་ནི།
ཕ་ཡུལ་ལགས།
ཁྱེད་ཀྱི་ཟུངས་ཁྲག་ལས་བརྡོལ་བའི་ཆུ་ཕྲན།
བྱ་བྱེའུའི་འགྱུར་ཁུག
རྫི་བོའི་གླུ་སྐད་བཅས་ཡིན་ལ།
ངའི་བསམ་གཞིགས་ཀྱི་བྱང་ཁོག་སྙེག་དུས།
སྐྱ་རེངས་སྒེག་མོའི་འཆོར་འགྲོས།
ཆུ་ཁུར་བུ་མོའི་ཧབ་ཆ།
དེ་མིན། གོམ་ལག་རླུང་ལ་འགྲན་པའི་སྐྱེ་ཕོ་རབས་ཤིག་གི་སྐྱ་རྩལ་བཅས་བཞེངས་བསྐྲུན་བྱས།
བར་སྐབས་འདིར།
བརྗོད་མི་ཚར་བའི་ང་དང་ཁྱེད་ཀྱི་གཏམ་རྒྱུད་འདི།
ཁོད་ཡངས་པའི་ཁྱེད་ཀྱི་པང་ཁུགས་སུ་གཏོར་ཏེ།
རྣམ་ཤེས་བཞིན་འཁྱམས་སུ་འཇུག་འདོད།
ཁྱེད་ཀྱི་མཚུངས་མེད་ཀྱི་སེམས་པ་རེ་རེས།
ངའི་ལང་ཚོ་ལ་གསོན་ཤུགས་སྦྱིན་ཞིང༌།
སྤོབས་པ་ལ་རམ་འདེགས་མཛད།
མདུན་སྐྱོད་ལ་ངར་ཤུགས་བསྣན།
དེར་བརྟེན།
ཁྱེད་ཀྱི་དྲན་ཤིང་གིས་ང་ཡི་འཕར་རྩར་བདེ་དྲོད་ཀྱི་ཟུངས་ཁྲག་བསྣན་པས།
ངས་ནམ་ཡང་བརྗེད་པ་མི་སྲིད༌།
ཕ་ཡུལ་ལགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com