༄༅།།མདོ་ལ་རིང་མོའི་ཐང་རྒོད་ཞི་ལ་སྲུང་སྐྱོང་སྲོག་ཆགས་རིམ་པ་དང་བོར་འཕར།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:གངས་ལྗོངས་འཕྲིན་གསར། དུས་ཚོད།:2021-02-23 09:29:09 ཀློག་གྲངས།:
       ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཟླ2པའི་ཚེས1ཉིན། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་དང་། ཞིང་ལས་དང་གྲོང་གསེབ་པུས་ལེགས་སྒྲིག་བྱས་རྗེས་ཀྱི《རྒྱལ་ཁབ་ཀྱིས་གཙོ་གནད་ཐོག་སྲུང་སྐྱོང་བྱ་རྒྱུའི་རི་སྐྱེས་སྲོག་ཆགས་ཀྱི་མིང་གཞུང》ཁྱབ་བསྒྲགས་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལེགས་སྒྲིག་བྱས་རྗེས་ཀྱི《མིང་གཞུང》ནང་ཁྱོན་རི་སྐྱེས་སྲོག་ཆགས་རིགས980དང་སྣ8བཅུག་ཡོད་ཅིང་། དེའི་ཁྲོད་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་རིགས234དང་སྣ1 རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་རིགས746དང་སྣ7བཅས་ཡོད་པ་རེད། ཐང་རྒོད་ཞི་ལ་དེ་སྲུང་སྐྱོང་རིམ་པ་གཉིས་པ་ནས་རིམ་པ་དང་བོར་ལེགས་སྒྲིག་བྱས་འདུག ཐང་རྒོད་ཞི་ལ་ནི་རང་རྒྱལ་གྱི་ཞི་ལའི་རིགས་ཀྱི་སྲོག་ཆགས་ཁྲོད་ཐུན་མོང་མ་ཡིན་པའི་རིགས་ཤིག་ཡིན་ལ། འཛམ་གླིང་སྟེང་ཆེས་ངོ་མཚར་ཆེ་བའི་ཞི་ལའི་རིགས་ཀྱི་སྲོག་ཆགས་ཤིག་ཀྱང་རེད།
     《མིང་གཞུང》ལེགས་སྒྲིག་བྱས་རྗེས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་སྲུང་སྐྱོང་གི་རིམ་པ་ལའང་འགྱུར་ལྡོག་གསར་དུ་བྱུང་ཡོད་ལ་ཁྱོན་རྒྱལ་ཁབ་ཀྱི་རིམ་པ་དང་བོ་དང་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས64ཡོད་པ་རེད། གཅན་གཟན་ཆེ་གྲས་ལ་བལྟས་ན། 2017ལོར་སྒྲིག་སྲོལ་ཚོད་ལྟ་བྱས་པ་ནས་བཟུང་མཚོ་སྔོན་ཡུག་སྦྲེལ་ཁུལ་དུ་གཅན་གཟན་རིགས23ལ་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་བྱས་པ་དང་།《མིང་གཞུང》ལེགས་སྒྲིག་བྱས་རྗེས་རྒྱལ་ཁབ་ཀྱི་རིམ་པ་དང་བོའི་རི་སྐྱེས་སྲོག་ཆགས(གཅན་གཟན་རིགས)རིགས5ནས་རིགས9བར་མང་དུ་ཕྱིན་ནས་རིགས4གསར་དུ་འཕར་སྣོན་བྱུང་ཡོད་དེ། དེ་དག་ནི་འཕར་བ་དང་ཐང་རྒོད་ཞི་ལ། བོད་ལྗོངས་ཀྱི་གཉན། བོད་ལྗོངས་ཀྱི་ཤྭ་སེར་བཅས་རེད། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རི་སྐྱེས་སྲོག་ཆགས(གཅན་གཟན་རིགས)རིགས10ལ་འགྱུར་བ་མེད་ཅིང་། རིགས4གསར་དུ་འཕར་སྣོན་བྱུང་ཡོད་དེ། དེ་དག་ནི་སྤྱང་ཀི་དང་བོད་ཝ། ཝ་དམར། རི་ཞུམ་བཅས་རེད།
      མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་འདབ་ཆགས་རིགས་ལའང་འགྱུར་ལྡོག་གསར་བ་བྱུང་ཡོད། མཚོ་སྔོན་ཡུག་ཁུལ་དུ་ཁྱོན་བསྡོམས་འདབ་ཆགས་རིགས204ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་བྱས་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་བོའི་རི་སྐྱེས་སྲོག་ཆགས(འདབ་ཆགས་རིགས)ནི་རིགས7ནས་རིགས10བར་མང་དུ་ཕྱིན་ནས་རིགས3འཕར་སྣོན་བྱུང་ཡོད། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རི་སྐྱེས་སྲོག་ཆགས(འདབ་ཆགས་རིགས)རིགས19ནས་རིགས34བར་མང་དུ་ཕྱིན་ནས་རིགས12འཕར་སྣོན་བྱུང་ཡོད། 
      ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། ཐང་རྒོད་ཞི་ལ་ཁྱབ་ས་དེ་མཚོ་བོད་ས་མཐོའི་ཤར་མཐའི་ཁུལ་ཁོ་ན་ཡིན་པའི་ནང་མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་མང་ཆེ་བ་དང་སི་ཁྲོན་གྱི་ནུབ་བྱང་རྒྱུད། ཀན་སུའུ་ཡི་ལྷོ་ནུབ་རྒྱུད་བཅས་ཚུད་ཡོད་པ་རེད། རྒྱུན་ཏུ་མཐོང་དཀོན་པ་དང་ཁྱུ་ཚོགས་ཉུང་བ། ཁྱབ་ཚུལ་དམའ་བས། ལོ་མང་རིང་ཐོ་འགོད་ཤིན་ཏུ་ཉུང་ཞིང་འཚོ་བའི་ལོ་རྒྱུས་ཐད་ཤེས་རྟོགས་དེ་ཙམ་མི་འདུག
      2020ལོའི་ཟླ8པར། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་དུ་ཐང་རྒོད་ཞི་ལ་ལྔ་མཉམ་དུ་ཡོད་པའི་རྣམ་པ་ཞིག་ལྟ་ཞིབ་ཚད་ལེན་བྱུང་ཡོད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་ཐང་རྒོད་ཞི་ལར་ཆེད་དོན་བརྟག་དཔྱད་བྱས་པ་ནས་བཟུང་། རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་ནང་ཐང་རྒོད་ཞི་ལའི་འགུལ་སྐྱོད་གནས་ཚུལ་ཐེངས་མང་ཟིན་ཐོར་བཀོད་པར་མ་ཟད། ཐང་རྒོད་ཞི་ལ་ལྔ་མཉམ་དུ་ཡོད་པ་པར་དུ་བསྐྱོན་ཐུབ་པ་ནི་ཤིན་ཏུ་མཐོང་དཀོན་པ་ཞིག་གོ།།
      ཐང་རྒོད་ཞི་ལའི་དོགས་ཟོན་རང་བཞིན་ཆེ་བ་དང་དེའི་ཁར་གྲངས་ཀ་ཧ་ཅང་ཉུང་བས། ཚོགས་སྤྱིའི་འགུལ་སྐྱོད་ཀྱི་རྣམ་པ་མཐོང་བར་དཀའ། རི་སྐྱེས་སྲོག་ཆགས་ཞིབ་འཇུག་ཆེད་མཁས་པས་བཤད་རྒྱུར། ཞི་ལའི་སྡེ་ཚན་གྱི་སྲོག་ཆགས་ལ་གཞུང་ལུགས་སྟེང་ཕྲུ་གུ་གཉིས་ནས་དྲུག་ཙམ་སྐྱེ་ཐུབ། འོན་ཀྱང་བཟའ་བཅའ་དང་ཁོར་ཡུག་སོགས་ཀྱིས་རྐྱེན་པས་དོན་དངོས་ཐོག་གསོ་སྐྱོང་ཐུབ་མཁན་མང་ཤོས2ནས3བར་ཟིན་གྱི་ཡོད། ད་ཐེངས་བརྟག་དཔྱད་བྱས་པར་གཞིགས་ན། ཐང་རྒོད་ཞི་ལ་མོ་གཅིག་གིས་ཕྲུ་གུ4གྲུབ་འབྲས་ཐོབ་པའི་ངང་གསོ་སྐྱོང་བྱས་པའི་གནས་ཚུལ་འདིའི་ཐོག་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་སྲོག་ཆགས་ཀྱི་གཟན་ཕྲེང་ཆ་ཚང་བ་དང་། རྩེར་སོན་རི་སྐྱེས་སྲོག་ཆགས་ཀྱི་ཟས་རིགས་འདང་ངེས་ཡོད་པ། ཐང་རྒོད་ཞི་ལ་དང་གསའ་སོགས་ཞི་ལའི་རིགས་ཁྱུའི་རྒྱུད་སྤེལ་བྱེད་ཚད་ཅུང་མཐོ་བ་ཡོད་པ་གསལ་བཤད་བྱས་འདུག
      པེ་ཅིང་ནགས་ལས་སློབ་ཆེན་རི་སྐྱེས་སྲོག་ཆགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཧྲི་ཁོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་ནས་ཐང་རྒོད་ཞི་ལ་ཟིན་ཐོར་བཀོད་པ་དེ་ནི་མིག་སྔར་ཤེས་རྟོགས་བྱུང་བའི་ཐང་རྒོད་ཞི་ལ་ཁྱབ་ཁུལ་གྱི་བྱང་མཐའ་ཞིག་ཡིན་པས། ཐང་རྒོད་ཞི་ལའི་ཁྱབ་ཁྱོན་སྔར་བས་ཆེ་རུ་བཏང་ནས་ས་ཁོངས་དེའི་ཐང་རྒོད་ཞི་ལ་ཞིབ་འཇུག་དང་སྲུང་སྐྱོབ་བྱ་རྒྱུར་ཚན་རིག་གི་དོན་སྙིང་གལ་ཆེན་ལྡན་ཡོད་ཟེར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།