ཇོ་མོ་གླང་མའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་གྱི“ཕན་བདེ་བའི”ལས་གཞིར་གྲུབ་འབྲས་མངོན་སུམ་ཐོན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-10 11:37:00 ཀློག་གྲངས།:
  1998ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དཔྱད་འདེམས་བྱས་པའི“འཛམ་གླིང་ཡོངས་ཀྱི་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་ལས་གཞིའི”བོད་ལྗོངས་ཀྱི་ཇོ་མོ་གླང་མའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་གྱི“ཕན་བདེ་བའི”ལས་གཞིས་ཁོར་ཡུག་སྲུང་སྐྱོབ་དང་ས་གནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་ལེགས་པོ་ཞིག་འཚོལ་ཞིབ་བྱེད་ཐུབ་པ་རེད།
  1994ལོར་ཇོ་ལོ་གླང་མའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་དེ་རྒྱལ་ཁབ་རིམ་པའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་དུ་བསྒྱུར་ལ། སྲུང་སྐྱོབ་ས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི3.3ཡོད་པ་དང་། མཚོ་ངོས་ལས་མཐོ་ཚད་ལ་ཆ་སྙོམས་ཀྱི་སྨི4200དང་། རོང་འབྲོག་མང་ཚོགས་ཁྲི8.9འཚོ་སྡོད་བྱས་ཡོད་པ་རེད། ཇོ་མོ་གླང་མའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་ནི་བོད་ལྗོངས་ཀྱི་སྐྱེ་དངོས་རིགས་ཕུན་སུམ་ཚོགས་པའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་ཞིག་ཡིན་ཞིང་། ཐོག་མའི་བསྡོམས་རྩིས་བྱས་པ་ལྟར་ན་ས་ཁུལ་དེ་རུ་སྐྱེ་དངོས་རྩ་ཆེན་རིགས2300ལྷག་དང་། སྲོག་ཆགས་རིགས270ཡོད་ལ། དེའི་ཁྲོད་དུ་རྒྱལ་ཁབ་ཀྱིས་དམིགས་བསལ་དུ་སྲུང་སྐྱོབ་བྱེད་པའི་སྲོག་ཆགས་རིགས33ཡོད་པ་རེད། ལོ་དེར“ཕན་བདེ་བའི”ལས་གཞི་འདི་སྲུང་སྐྱོབ་ས་ཁུལ་དུ་ལས་འགོ་བརྩམས་པ་རེད།
  ལས་གཞི་འདིའི་དམིགས་འབེན་ནི་སྲུང་སྤེལ་མཉམ་སྤྱོད་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འོག་ས་གནས་དཔལ་འབྱོར་གོང་འཕེལ་དུ་གཏོང་བ་དང་། ས་གནས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་བྱེད་པ་མ་ཟད། ཡུལ་དེའི་སྡོད་དམངས་རྣམས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་དོ་དམ་ཁྲོད་ཞུགས་ཏེ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་བདག་པོར་བྱེད་པ་དེ་ཡིན།
  དམིགས་འབེན་འདི་མངོན་འགྱུར་བྱེད་ཆེད“ཕན་བདེ་བའི”ལས་གཞི་འདིར་ས་གནས་སྲིད་གཞུང་གིས་སྣེ་སྟོན་དང་སྐུལ་སྤེལ་བྱས་ཤིང་། ཕྱི་ནས་ཡོང་བའི་ཆེད་མཁས་པས་གསོ་སྦྱོང་དང་དགོངས་འཆར་འདོན་སྤྲོད་བྱས་པ་མ་ཟད་ཁུལ་དེའི་མང་ཚོགས་བྱ་འགུལ་ནང་ཞུགས་ནས་ཁོར་ཡུག་ལེགས་བསྒྱུར་བྱས། དོ་དམ་བྱེད་ཐབས་འདིར་གྲུབ་འབྲས་མངོན་སུམ་ལྡན་ཞིང་བོད་ལྗོངས་ཀྱི་རང་བྱུང་ཁོར་ཡུག་གཞན་དག་ལ་ཁྱབ་བརྡལ་བྱས་པས་མིག་སྔའི་བོད་ལྗོངས་ཀྱི་སྡེ་བ་སོ་སོར“ཕན་བདེ་བ”1000ལྷག་ཡོད་པ་རེད།
  པེ་ཅིང་ནགས་ལས་སློབ་ཆེན་རང་བྱུང་ཁོར་ཡུག་སྲུང་སྐྱོབ་སློབ་གླིང་གི་སློབ་གཙོ་ལའེ་ཀོང་ཁྲོན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན་མིག་སྔར་ཡུལ་དེའི་སྡོད་ཁུལ་དང་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཁུལ་གྱི་དོ་དམ་ལས་ཁུངས་གཉིས་བར་མཉམ་སྐྱོང་གི་འབྲེལ་བ་བཙུགས་ཤིང་། ཕྱོགས་གཉིས་ཀས་ཧུར་ཐག་བྱས་པར་བརྒྱུད་ནས་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཁུལ་གྱི་སྡེ་བ80%ལ་གཞི་རྩའི་སྨན་བཅོས་འགན་སྲུང་ཡོད་པ་དང་། བྱིས་པའི་ཤི་ཚད50%ཡིས་མར་བབས། མིས་བཟོས་རིམས་འགོག་སྨན་ཁབ་བརྒྱབ་ཚད90%ཟིན་པ་རེད། དེའི་མཚུངས་སུ་སྲུང་སྐྱོབ་ཁུལ་དུ་རི་སྐྱེས་སྲོག་ཆགས་རྔོན་མི་ཆོག་པས། གསའ་དང་། གཙོད། གཉན་སོགས་ཉམས་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་ཇེ་མང་དུ་སོང་ལ། སྲུང་སྐྱོབ་ས་ཁུལ་གྱི་སྡེ་བ་གཙོ་བོ་དག་ཏུ་སློབ་གྲྭ་མང་པོ་བཙུགས་ཤིང་། ཡུལ་དེ་དག་ཏུ་སྡོང་བོ་ཁྲི50ལྷག་བཙུགས་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།