ཤ་བ་མཆུ་སྐྱ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-27 09:58:00 ཀློག་གྲངས།:

ཤ་བ་མཆུ་སྐྱ།

ཤ་བ་མཆུ་སྐྱ། white-lipped Deer 白唇鹿

གཟུགས་གཞིའི་ཁྱད་ཆོས།
     ཤ་བ་མཆུ་སྐྱའི་ལུས་ཀྱི་རིང་ཚད་ལ་སྨིས2དང་ལག་སུག་ནས་སོག་མགོའི་བར་གྱི་མཐོ་ཚད་ལ་སྨིས1.2། ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ250བཅས་ཡོད། ཤ་བ་དེའི་རིགས་ཀྱི་སྣ་མགོ་དང་མཆུ་སྒྲོས། མ་འགལ་བཅས་ཀྱི་སྤུ་མདོག་དཀར་བོ་ཡིན་པ་དང་། སྤུ་ཉག་རགས་མོ་ཡིན། ཤ་བོའི་ཤ་ར་ལ་ཡལ་ག5ནས6ཡོད་པ་དང་།  ཤ་རའི་དབྱིབས་ནི་ལེབ་རིལ་དང་ཁ་དོག་ནི་དཀར་སྐྱ་ཡིན། ཤ་བ་མཆུ་སྐྱའི་ལུས་སྟོད་དམར་སེར་ཡིན་ལ། མགོ་དང་མཇིང་བ། གདོང་གི་སྤུ་མདངས་ལ་ཅུང་ནག་ཤས་ཆེ། རྣ་གཤོག་ནང་ངོས་ཀྱི་སྤུ་མདངས་དཀར་ཞིང་གསུས་ངོས་དང་གྲུག་ཐོག་གི་སྤུ་མདོག་སེར་སྐྱ་ཡིན། ཤ་བ་མཆུ་སྐྱའི་གྲུག་ཐོག་ན་མཐའ་རིས་ནག་པོ་ཡོད་ཅིང་། རྔ་ཚིགས་བར་གྱི་སྤུ་མདོག་ནི་སྤུ་མདོག་ནི་ནག་པོ་ཡིན།
ཁྱབ་ཡུལ།
     ཤ་བ་མཆུ་སྐྱའི་རིགས་ནི་མདོ་དབུས་མཐོ་སྒང་གི་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན་ནུབ་བྱང་བཅས་ན་གནས་ཡོད།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
     ཤ་བ་མཆུ་སྐྱའི་འཚོ་གནས་བྱེད་ས་ནི་མཚོ་ངོས་ལས་སྨིས3500ནས་སྨིས5200ཡི་བར་ཡིན། ཤ་བ་མཆུ་སྐྱ་ནི་གྲང་ངར་ཐུབ་ཅིང་ཚ་གདུག་མི་བཟོད་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཤིག་ཡིན་པས། གསོམ་ནགས་ཀྱི་འདབས་རོལ་ན་སྐྱེས་ཡོད་པའི་ཤིང་ཕྲན་གྱི་རྫུབས་གསེང་ངམ་རྫ་མགོ་ན་གནས་འདུག  ཉིན་དཀར་ནགས་འདབས་ཀྱི་སུ་རུའམ་ཤིང་ཕྲན་གཞན་དག་གི་རྫུབས་གསེང་དུ་བསྐུང་སྲིད། དབྱར་ཐོག་གངས་འདབས་ཀྱི་རྫ་གསེང་དུ་ཁྱུ་བྱས་ནས་འཚོ་བ་ཡིན། ཁ་ཟས་ནི་མཁན་པ་དང་རྩྭ་ལྡུམ། ཤིང་ཕྲན་གྱི་ལོ་འདབ་སོགས་ཡིན། ལོ་རེའི་སྟོན་མཇུག་ནས་དགུན་ཐོག་བར་ནི་སྐྱེ་འཕེལ་བྱེད་པའི་དུས་ཡུན་ཡིན། ཕྱི་ལོར་ཤ་ཡུ་མོས་ཕྲུ་གུ་བཙའ་བ་དང་ཤ་བོ་དང་ཤ་ཡུ་མོ་གཉིས་ཁེར་སྡོད་བྱེད་པ་ཡིན། ཤ་བ་མཆུ་སྐྱ་ལ་གཏན་སྡོད་བྱེད་སའི་གནས་གཞི་ངེས་ཅན་ཞིག་མེད། ཤ་རྭ་སྐྱེ་སྐབས་ཤ་ཁྱུ་ཇེ་ཆུང་དུ་གྱུར་ཏེ་འཚོ་སྡོད་བྱེད་པ་ཡིན།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
     ཤ་བ་མཆུ་སྐྱ་ནི་མདོ་དབུས་མཐོ་སྒང་གི་ཤར་ལྷོ་ན་མ་གཏོགས་མེད་པའི་རི་སྐྱེས་སྲོག་ཆགས་དཀོན་པོ་ཞིག་ཡིན། ཤ་བ་མཆུ་སྐྱའི་ཁྲག་རྭ་དང་ཤ་རུས། མཁལ་མ། ཚིལ། རླིག་རླབས། རྔ་མ། བུ་རོགས་བཅས་ནི་བོད་སྨན་རྩ་ཆེན་གྱི་གྲས་ཡིན།
ད་ཡོད་གནས་བབ།
     བོད་ལྗོངས་ན་ཤ་བ་མཆུ་སྐྱ་གཙོ་ཡིན་པའི་སྲུང་སྐྱོབ་ས་ཁུལ་ལམ་གསོ་སྙོར་ར་བ་གཉིས་ཡོད། རྩད་ཞིབ་བྱས་པ་ལྟར་ན་མདོ་དབུས་མཐོ་སྒང་དུས་ཤ་བ་མཆུ་སྐྱ་ཆིག་ཁྲི་ཙམ་ལས་མེད་པས། རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱེད་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་དང་པོར་གྱུར་ཡོད།
     ང་ཚོས་རང་རེའི་ཕ་ས་ཕ་ཡུལ་ན་གནས་པའི་ཤ་བ་མཆུ་སྐྱ་ལ་སྲུང་སྐྱོབ་གང་ལེགས་བྱས་ཏེ། མི་དང་རང་བྱུང་ཁམས་གཉིས་འཆམ་མཐུན་མཉམ་གནས་ཡིན་པའི་རྣམ་པ་གསར་བ་ཞིག་བསྐྲུན་པར་འབད་པ་ལྷོད་མེད་བྱེད་དགོས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།