བྱ་རོག

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-06-22 09:28:00 ཀློག་གྲངས།:

བྱ་རོག 渡鸦 Raren

གཟུགས་གཞིའི་ཁྱད་ཆོས།
     བྱ་རོག་གི་གཟུགས་གཞིའི་རིང་ཚད་ལ་ལི་སྨིས70དང་ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ1ཡས་མས་ཡོད། ལུས་ཡོངས་རྫོགས་ནག་པོ་ཡིན་ལ། ཁྱད་པར་དུ་གཤོག་ཟུང་གི་སྟེང་ན་འོད་སྣང་སྔོ་སྨུག་ཅིག་འཚེར་བཞིན་འདུག  མཆུ་ཏོ་ཆེ་ཡང་གུག་གུག་ཅིག་མིན། གཤོག་པ་ཆེ་ཡང་གཤོག་སྣེ་དེ་འདྲའི་སྙིམ་པོ་ཞིག་མིན། རྔ་མ་ནི་ཕུར་བའི་དབྱིབས་དང་མཚུངས་པ་ཞིག་ཡིན། བྱ་རོག་འཕུར་སྐབས་ཡར་བལྟས་ན་གཤོག་རྩེ་ན་ཕུག་མདོག་ཡིན་པའི་ཐིག་རིས་ཡོད། མགྲིན་པའི་འོག་གི་སྒྲོ་སྤུ་ནི་ཚེར་མ་བཞིན་དུ་གཟེངས་འདུག  གཉའ་ལྟག་གི་སྒྲོ་སྤུའི་སྤུ་རྟིང་ཕུག་མདོག་ཡིན། མཆུ་ཏོ་དང་སུག་སྡེར་སོགས་ནག་པོ་ནག་རྐྱང་ཡིན། ཕོ་བྱ་དང་མོ་བྱའི་ཆེ་ཆུང་གཅིག་མཚུངས་ཡིན།
ཁྱབ་ཡུལ།
     བྱ་རོག་ནི་མདོ་དབུས་མཐོ་སྒང་ན་གནས་པར་མ་ཟད། ས་ཆ་གཞན་དག་ནའང་ཡོད་པའི་འདབ་ཆགས་ཀྱི་རིགས་ཤིག་ཡིན།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
     བྱ་རོག་ནི་མདོ་དབུས་མཐོ་སྒང་གི་རྫ་འདབས་དང་ནགས་མགོ་ན་གནས་ཤིང་། རོང་ཁུལ་དང་འབྲོག་ཁུལ་དུའང་རྒྱུན་དུ་མཐོང་ཐུབ། བྱ་རོག་ནི་ཁྱོ་ཤུག་ཆ་བྱས་ནས་སྡོད་པའི་འདབ་ཆགས་ཤིག་ཡིན་ནའང་དགོན་པ་དང་སྡེ་བ་ཡོད་ས་རུ་བྱ་རོག་འཕེལ་ནས་བྱ་རོག་བཅུ་ཕྲག་ཅིག་ཆབས་ཅིག་ན་འཚོ་སྡོད་བྱས་ཡོད་པའང་མཐོང་རྒྱུ་ཡོད། བྱ་རོག་གི་རྣམ་རིག་ཧ་ཅང་རྒོད་པས། མི་བྱ་རོག་གི་གམ་ལ་བཏུད་རག་བར་དུ་བྱ་རོག་དེ་མ་ཉིད་དུ་འཕུར་འགྲོ་བ་རེད། བྱ་རོག་གི་ཁ་ཟས་གཙོ་བོ་ནི་ཤི་ཤ་དང་རི་བོང་། ཨ་བྲ། ཉ། བྱིའུ།  བྱིའུ་སྒོང་། རྨིགས་པ་སོགས་ཡིན། ཁོག་ནས་འཇུ་དཀའ་བའི་སྲོག་ཆགས་ཀྱི་སྒྲོ་དང་སྤུ། རུས་པ་སོགས་ཁ་སྐྱུག་བྱས་ཏེ་ཕྱིར་འདོར་བ་ཡིན། ཟླ2པ་ནས་ཟླ4བའི་བར་ནི་བྱ་རོག་གི་སྐྱེ་འཕེལ་བྱེད་པའི་དུས་ཚིགས་ཡིན།  བྱ་རོག་གིས་བྱ་ཚང་བྲག་སྲུབས་དང་བྲག་ཐེམ། ཡང་ན་སྡོང་ཆེན་མགོར་བཅའ་བ་ཡིན། བྱ་རོག་གིས་རུམ་ཐེངས་གཅིག་ལ་བྱ་སྒོང3ནས་བྱ་སྒོང6རུམ་པ་དང་། བྱ་སྒོང་གི་སྟེང་ན་མདོག་སྔོ་ཁྲའི་ཁྲ་ཐིག་ཡོད་པ་རེད། བྱ་སྒོང་རུམ་ཡུན་ནི་ཉི་མ17ནསཉི་མ18ཡིན།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
     བོད་མི་རྣམས་ཀྱིས་བྱ་རོག་ནི་དགྲ་ལྷའི་རྣམ་སྤྲུལ་དུ་ངོས་འཛིན་པ་ཡིན། བྱ་རོག་དང་འགྲོ་བ་མིའི་རིགས་བར་གྱི་འབྲེལ་འདྲིས་ཧ་ཅང་ཟབ། བྱ་རོག་གིས་འགྲོ་བ་མིའི་རིགས་འདུས་སྡོད་བྱེད་སའི་ཁོར་ཡུག་གི་གད་སྙིགས་སོགས་གཙང་སྦྲ་བྱེད་པ་ཡིན་པས། ཁོར་ཡུག་དག་གཙང་བྱེད་པར་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད། བྱ་རོག་ནི་རང་རྒྱལ་གྱི་ནུབ་བྱང་ས་ཁུལ་དང་མདོ་དབུས་མཐོ་སྒང་ན་མ་གཏོགས་མེད་པས་ན། འདབ་ཆགས་དཀོན་པོའི་གྲས་སུ་ཚུད་པ་ཡིན།
ད་ཡོད་གནས་བབ།
      སྤྱིར་མདོ་དབུས་མཐོ་སྒང་ལ་མཚོན་ན་བྱ་རོག་ཤིན་ཏུ་མང་མོད། འོན་ཀྱང་ཉེ་བའི་ལོ་བཅུ་ཕྲག་འགའི་རིང་ལ་མི་རྣམས་ཀྱིས་དུག་འཕངས་ཏེ་ཨ་བྲ་བསད་པ་དང་། བྱ་རོག་གིས་དེ་མ་ཤེས་པར་ཨ་བྲ་སོགས་ཀྱི་ཤི་ཤ་ཟོས་ཏེ་འཆི་ལམ་བསྙེགས་པའི་དབང་གིས་ས་ཆ་ལ་ལ་རུ་བྱ་རོག་གཅིག་ཀྱང་མཐོང་རྒྱུ་མི་འདུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།