ངུར་བ།
ངུར་བ། 赤麻鸭 Ruddy Shelduck
གཟུགས་གཞིའི་ཁྱད་ཆོས།
ངུར་བའི་གཟུགས་གཞིའི་རིང་ཚད་ལ་ལི་སྨིས66ཡས་མས་ཡོད་དང་ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ1.5ཡས་མས་ཡོད།
ལུས་ཡོངས་ཀྱི་སྒྲོ་མདོག་ཁམ་སེར་དང་སྐེ་མཇིང་དང་སྤྱི་གཙུག་སེར་སྐྱ་ཡིན། ཕོ་བྱའི་སྐེ་སྐོར་ན་ནག་ཐིག་དཀྲི་གཅིག་ཡོད། གཤོག་ཟུང་སྟེང་གི་སྒྲོ་ཐུང་དག་གི་ཁ་དོག་དཀར་བོ་ཡིན་པ་དང་། གཤོག་སྣེ་ནག་པོ་ཡིན། ལུས་སྟོད་ཀྱི་རྒྱབ་གཞུང་དང་སོག་མགོ་ནག་སེར་ཡིན་ལ། ལུས་སྨད་ཀྱི་རྒྱབ་གཞུང་དམར་སེར་ཡིན་པར་མ་ཟད། དེའི་སྟེང་ལ་ཁྲ་ཐིག་ནག་སེར་བབས་ཡོད། རྔ་མའི་ཀླད་ངོས་ཀྱི་སྒྲོ་སྤུ་ནག་པོ་ཡིན། བྲང་ངོས་དང་གསུས་ངོས། རྔ་མའི་འོག་ངོས་སྨུག་ནག་ཡིན། བྱ་སུག་དང་བྱ་སྡེར། བྱ་མཆུ་བཅས་ནག་པོ་ཡིན། མོ་བྱའི་སྐེ་སྐོར་ན་ཁྲ་ཐིག་ནག་པོ་མེད་ཅིང་མགོ་བོ་སྐྱ་མདོག་ཡིན། བྱ་ཕྲུག་ཡིན་དུས་གཟུགས་གཞི་དང་སྤུ་མདངས་སོགས་མོ་བྱ་དང་ཨ་ན་མ་ན་ཡིན།
ཁྱབ་ཡུལ།
ངུར་བ་ནི་མདོ་དབུས་མཐོ་སྒང་དང་ནང་སོག་རང་སྐྱོང་ལྗོངས། ཧྲན་ཞི་ཞིང་ཆེན། བྱང་ཤར་ས་ཁུལ་སོགས་སུ་སྐྱེ་འཕེལ་བྱེད་པ་དང་། དགུན་ཐོག་ས་ཆ་དམའ་ས་སྟེ་བྱང་ཤར་ས་ཁུལ་གྱི་ལྷོ་རྒྱུད་དང་ཧྭ་པེ། འབྲི་ཆུའི་སྨད་རྒྱུད། ཡུན་ནན་ཞིང་ཆེན། ཀོང་ཏུང་ཞིང་ཆེན། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས། ཧྥུ་ཅན་ཞིང་ཆེན། ཐེ་ཝན་སོགས་ན་དགུན་བརྒལ་བར་བྱས་འདུག
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
མདོ་དབུས་མཐོ་སྒང་དུ་བྱ་ངུར་བ་མཚེའུ་དང་ཆུ་བོ་ཆེན་པོའི་འགྲམ་རྒྱུད་དུ་གནས་པ་དང་། དགུན་ཐོག་ས་དམའ་ས་སྟེ་ནགས་ཚལ་དང་མཚེའུ། ཆུ་བོ་ཡོད་ས་ན་གནས་འདུག བྱ་ཚང་བཅའ་ས་ཆུ་ཡོད་ས་དང་བར་ཐག་ཅུང་རིང་། བྱ་ངུར་བའི་རྣམ་རིག་ཧ་ཅང་རྒོད། དུས་རྒྱུན་དུ་ཆུ་ནང་དང་ཆུའི་འགྲམ་རྒྱུད་དུ་ཁེར་འགྲོ་སྟེག་པ་དང་ཡང་ན་ཆ་བྱས་ནས་བསྡད་འདུག ཆུ་གནས་འདབ་ཆགས་གཞན་དང་མཉམ་དུ་ཆུ་ངོས་ན་གཡེང་བའང་རྒྱུན་དུ་མཐོང་ཐུབ། སྐམ་སའི་སྟེང་ནས་སོང་ན་ཧ་ཅང་མགྱོགས། གྲམ་པ་དང་ན་ཁུགས་སོགས་སུ་རྒུམ་བུ་འཐུ་བ་ཡིན། ཁ་ཟས་གཙོ་བོ་ནི་ཉེའུ་རིགས་དང་འབྲུ་རིགས། འབུ། རྩི་ཤིང་གི་སྣེ་ལོ། རྩི་ཤིང་གི་རྩད་པ་ཉབ་ཉོབ་སོགས་ཡིན། མདོ་དབུས་མཐོ་སྒང་དུ་སྐྱེ་འཕེལ་བྱེད་པའི་ས་ཆའི་མཐོ་ཚད་ནི་མཚོ་ངོས་ལས་སྨིས5000གི་ཡན་ཡིན། བྱ་ཚང་ཕལ་ཆེར་ས་ཁུང་དང་བྲག་སྲུབས། སྡོང་ཁུང་བཅས་ཡིན། སྐྱེ་འཕེལ་བྱེད་པའི་དུས་ཡུན་ཟླ5བ་ནས་ཟླ6པའི་བར་ཡིན། རུམ་ཐེངས་རེར་བྱ་སྒོང6ནས་བྱ་སྒོང10རུམ་པ་ཡིན་ལ། བྱ་སྒོང་རུམ་ཡུན་ནི་ཉི་མ27ནས་ཉི་མ30ཡིན། བྱ་སྒོང་གི་ཁ་དོག་སེར་སྐྱ་ཡིན།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
བྱ་ངུར་བ་ནི་གསོ་སྐྱོང་བྱས་ན་ཁྱིམ་བྱ་རུ་གཏོང་ཐུབ་པ་དང་། བྱ་ངུར་བའི་སྐྱེ་འཕེལ་ལ་ཁྱད་ཆོས་མང་པོ་ཞིག་ཡོད་པས། དེར་ཚན་རིག་ཞིབ་འཇུག་བྱེད་པའི་རིན་ཐང་ཆེན་པོ་ལྡན་པ་རེད།
ད་ཡོད་གནས་བབ།
སྤྱིར་མདོ་དབུས་མཐོ་སྒང་དུ་བྱ་ངུར་བ་ཤིན་ཏུ་མང་ནའང་ཁོར་ཡུག་ཉམས་ཞན་དུ་གྱུར་བ་དང་མཉམ་དུ་བྱ་ངུར་བའི་གྲངས་ཀའང་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས། ད་ནི་སྲུང་སྐྱོབ་བྱ་དགོས་པའི་དུས་ལ་སླེབས་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com