རི་སྐྱེས་སྲོག་ཆགས་གཟིག

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-11-14 10:35:00 ཀློག་གྲངས།:


གཟིག 豹子 Leopard

གཟུགས་གཞིའི་ཁྱད་ཆོས།
     གཟིག་གི་གཟིགས་གཞིའི་རིང་ཚད་ལ་སྨིས1ནས་སྨིས1.5དང་། རྔ་མའི་རིང་ཚད་ལ་ལིས་སྨིས75ནས་ལིས་སྨིས85ཡོད། རྣ་གཤོག་ཐུང་ཞིང་སྒོར་ལ་སུག་བཞི་ཅུང་ཐུང་། ལུས་རྒྱབ་ཀྱི་སྤུ་མདངས་དམར་སེར་ཡིན་ལ་གསུས་ངོས་དང་བྲང་ངོས་ཀྱི་སྤུ་མདངས་དཀར་བོ་ཡིན། རྒྱབ་གཞུང་དང་ལུས་ཀྱི་གཡས་གཡོན་ཐམས་ཅད་ཐིག་ལེ་ནག་པོ་ཁྱབ་འདུག རྔ་མའི་སྟེང་གི་ཐིག་ལེ་ཅུང་ཆུང་བ་དང་རྔ་རྩེ་ནག་པོ་ཡིན།
ཁྱབ་ཡུལ།
     མདོ་དབུས་མཐོ་སྒང་གི་ནགས་རྫུབས་མཐུག་ས་ན་མཐོང་རྒྱུ་ཡོད་པར་མ་ཟད། རྒྱལ་ནང་གི་ས་ཆ་གཞན་དག་ནའང་མཐོང་རྒྱུ་ཡོད་པ་རེད།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
     གཟིག་གནས་སའི་ས་ཆ་ནི་མཚོ་ངོས་ནས་སྨིས2000ནས་སྨིས3500ཡི་བར་ཡིན་ལ། དུས་རྒྱུན་དུ་ཚ་ཁུལ་གྱི་ནགས་ཚལ་དང་ཚ་ཁུལ་དང་ཆ་འདྲ་བའི་ནགས་ཚལ། རྫུབས་གསེང་། ནམ་ཟླ་དྲོད་གྲང་གཉིས་ཀ་འཛོམས་པའི་གསོམ་ནགས་སོགས་ན་ཡོད་པའི་བྲག་ཕུག་དང་རྫུབས་གསེང་བཅས་ན་ཚང་བཅས་འདུག  གཟིག་ནི་སྡོང་མགོར་འགོ་བར་ཧ་ཅང་མཁས་པའི་གཅན་གཟན་གྱི་རིགས་ཤིག་ཡིན་པས། ནམ་ཡིན་ཡང་སྡོང་མགོར་བསྐུངས་ཏེ་རི་དྭགས་རྔོན་པ་ཡིན། གཟིག་ནི་ཉིན་དཀར་གཉིད་པ་དང་མཚན་མོར་རྒྱུ་བའི་གཅན་གཟན་ཞིག་ཡིན་ནའང་གཙོ་བོ་ནམས་དགུང་ལ་ཁ་ཟས་བཙལ་བར་བྲེལ་འདུག  གཟིག་ནི་གདུག་རྩུབ་ཆེ་བའི་གཅན་གཟན་གྱི་རིགས་ཤིག་ཡིན་པས། རི་དྭགས་ཀྱི་ནང་གི་ཅུང་རྒོད་པོ་ཡིན་པའི་ཤྭ་བ་དང་ཕག་རྒོད་སོགས་གསོད་ཐུབ་པ་ཡིན།  གཟིག་གི་ཁ་ཟས་གཙོ་བོ་ནི་ཤྭ་རྒྱ་ར་རྒྱ་དང་གླ་བ་སོགས་ཡིན་པར་མ་ཟད། སྤྲེའུ་རིགས་དང་འདབ་ཆགས་ཀྱི་རིགས་ཀྱང་བསད་དེ་ཟ་བ་ཡིན། གཟིག་ནི་དགུན་དཔྱིད་གཉིས་ཀར་ཚང་ལ་འགྲོ་བའི་གཅན་གཟན་གྱི་རིགས་ཤིག་སྟེ། མངལ་སྦྲུམ་ཡུན་ཕལ་ཆེར་ཉི་མ100ཡིན། ཟླ་གསུམ་པའམ་ཟླ་བརྒྱད་པའི་ནང་དུ་ཕྲུ་གུ་བཙའ་བ་དང་། བཙའ་ཐེངས་རེར་ཕྲུ་གུ2ནས4བཙའ་སྲིད།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
     གཟིག་ནི་རི་དྭགས་སུ་བཀག་སྟེ་ལྟད་མོ་བལྟས་ཆོག་པའི་གཅན་གཟན་ཡག་པོ་ཞིག་ཡིན་པར་མ་ཟད། གཟིག་ལྤགས་ནི་པགས་རིགས་རྩ་ཆེན་དང་གཟིག་ཤ་དང་གཟིག་རུས་ནི་སྨན་སྣ་རྩ་ཆེན་ཞིག་ཡིན། ཁྱད་པར་དུ་མདོ་དབུས་མཐོ་སྒང་ནས་ཐོན་པའི་གཟིག་ལྤགས་ལ་སྤུ་མདངས་ནག་སེར་དང་གྲ་རྟིང་འཛོམས་པ། ཐིག་ལེ་གསལ་བ་སོགས་ཀྱི་ཁྱད་ཆོས་དང་ལྡན་པས་གཟིག་ལྤགས་ཀྱི་ནང་ནས་ཀྱང་གཟིག་ལྤགས་རྩ་ཆེན་གྱི་གྲས་ཡིན་ནོ།།
ད་ཡོད་གནས་བབ།
     ནགས་ཚལ་གཅོད་དྲགས་པ་དང་ཞིང་ས་རྒྱ་བསྐྱེད་པར་བརྟེན། གཟིག་གནས་སའི་ས་ཆ་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་འདུག  ཚོད་དཔག་བྱས་པ་ལྟར་ན། མདོ་དབུས་མཐོ་སྒང་གི་གཟིག་གྲངས་ཁ2000ཙམ་ལའང་མི་འབུད་པ་རེད། གཟིག་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་གཉིས་པར་གྱུར་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།