གེ་སར་རྒྱལ་པོའི་རྟ་རྒྱུག་ཐང༌།
འཛམ་གླིང་གེ་སར་རྒྱལ་པོའི་རྟ་རྒྱུག་ཐང་ཞེས་པ་དེ་ནི། ཡུལ་འཛོམས་པོ་རེབ་གོང་ཁུལ་གྱི་སྨད་པ་ཞང་གི་སྤང་དཀར་ཐང་ཞེས་བྱ་བ་ས་རྒྱ་ཡངས་ཤིང་ཁོད་སྙོམས་པ་དང༌། སྟོབས་འབྱོར་ལྡན་ཞིང་མངའ་ཐང་རྒྱས་པ་དེ་རུ་གསལ་བོར་མངོན་འདུག
ཡུལ་ཕྱོགས་དེ་རུ་གནས་པའི་གླིང་རྒྱ་སྡེ་བ་བདུན་དང་འཇམ་སྡེ་བ་ཡོངས་ཀྱིས་ལོ་རེའི་རྒྱ་ལོའི་ཚེས་བརྒྱད་ཀྱི་ཉིན་ཕོ་གསར་ཀུན་གྱིས་མ་སྐུལ་རང་ཤུགས་ཀྱིས་མཛེས་ཆས་སྤྲས་ཏེ། རང་རང་གི་རྟ་མཆོག་མི་འདྲ་བ་སོ་སོར་སྒ་ཁྲ་མི་འདྲ་བ་རེ་བསྟད་དེ་རྟ་རྒྱུག་ཐང་ལ་ཡོང་ནས་རྟ་བརྒྱ་འགྲན་བསྡུར་གྱི་གྲས་སུ་ཞུགས་པ་དང༌། གང་ཞིག་མཛེས་སྡུག་ལང་ཚོའི་དཔལ་འབར་བའི་གཞོན་ནུ་མ་ཚོས་ཀྱང་ལུས་ལ་མཆོར་གོས༌གང་ཡག་གིས་བརྒྱན་ཏེ། སྒེག་ཉམས་ཀྱི་གོམ་སྟབས་ཡང་ཞིང་དལ་བའི་ངང་ས་དེར་ཡོང་སྟེ་རྟ་རྒྱུག་དགའ་བདེའི་དཔལ་ལ་རོལ་བ་ནི་བཅོས་མིན་གོམས་སྲོལ་ཞིག་ཏུ་གྱུར་ཡོད་པ་ལགས། དེ་ལ་བཤད་ཚུལ་ཐོས་མ་མྱོང་བའི་གཏམ་རྒྱུད་ངོ་མཚར་བ་ཞིག་ཡོད་པ་ནི།
དེ་ཡང་འབྲུག་ལྷང་ལྷང་ནོར་བུའི་གདན་སྟེང༌། སྙན་ལྷང་ལྷང་ཁུ་བྱུག་གྲག་ས། ཞེ་ལྷང་ལྷང་ཅོ་ག་འགྱུར་ས། བདེ་མཆོག་ནོར་བུའི་ཕོ་བྲང༌། གྲུ་བཞི་ས་ཡི་ཐིག་ལེ་དེར་གླིང་གི་སྟག་རོང་ཤོག་ཆེན་བཅོ་བརྒྱད། འདན་མ་ཁྲི་སྐོར་བཅུ་གཉིས། ཚ་ཞང་ཕྱུག་པོ་རུ་དགུ། སྐྱ་ལོ་ཕྱུག་གི་སྡེ་བ། ནང་སྡེ་ནམ་མཁའི་སྐར་ཚོགས། ཕྱི་སྡེ་ལ་ཁའི་རྩི་ཤིང༌།སྡེ་ཆུང་རྩི་རྩི་གྲངས་མེད། ཚོ་ཆེན་རི་རྒྱལ་ལྷུན་པོ། ལྷ་སྡེ་ཐམས་ཅད་འདུས་ཏེ། རྟ་རྒྱུག་པ་ལ་ཕོ་གསར་དགུ་བརྒྱ། རྩེ་རྩོད་མི་ལ་དཔའ་རྟུལ་སུམ་ཅུ་དེ་རང་རང་གི་འདོ་བའི་གོང་དུ་བུད་དེ་རྟ་རྒྱུག་འགྲན་རྩལ་གྱི་མགོ་བརྩམས་པའི་མོད་ལ། སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱིས། སུམ་རྩེན་ཡུལ་གྱི་ལྷ་ཡི་ཚོགས། །དེ་རིང་སྐྱེས་བུའི་གྲོགས་སུ་བྱོན། །གླིང་ཡུལ་མཐོང་བ་ཀུན་སྨོན་ནས། །གྱི་ལིང་རྟ་ཕོའི་གནང་སྐལ་དེ། །ཆར་ལྡན་དབྱར་གྱི་དཔལ་མོ་བཞིན། །བདག་ལ་འདུ་བའི་འཕྲིན་ལས་མཛོད། །ཅེས་གསོལ་འདེབས་བྱས་ནས་ཆིབས་གོང་དུ་བུད་དེ་བྱེའུ་རྒོད་འུར་འཚུབས་སེ་ཕེབས་ཏེ་གོང་མ་ལྷའི་འཕྲིན་ལས་དང་རྐྱང་རྒོད་བང་རྩལ་གྱིས་སྐད་ཅིག་ཉིད་ལ་གཞན་དཔའ་རྟུལ་རྣམས་གཅིག་སྐྱུར་གཉིས་སྐྱུར་མཛད་པ་དང༌། དེ་ནས་མ་འགྱངས་པར་གདོང་བཙན་ཡང་བསྐྱུར་ནས་གསེར་ཁྲིའི་རྩར་ཕེབས་པ་ན། གཞིས་པ་རྣམས་ཀྱིས་ཆིབས་ཁ་བླངས་ཏེ། འགྲོ་བའི་སྐྱབས་མགོན་ལྷ་སྲསརིན་པོ་ཆེ་དེ་ཉིད་གསེར་ཁྲི་དགོས་འདོད་ཀུན་འབྱུང་གི་སྟེང་དུ་མངའ་གསོལ་ཞིང་ཁོང་ཉིད་ཀྱི་སྐུ་གཟུགས་ལ་སྔར་ལས་བཅུ་འགྱུར་ཀྱི་བཀྲག་མདངས་རྒྱས་ཏེ། རྟ་བརྒྱའི་ནང་གི་དང་པོ་མི་བརྒྱའི་གྲལ་གྱི་མགོ་མའི་མཚན་སྙན་དེ་ཁོང་ཉིད་ལ་ཐོབ་བོ། །
སྐབས་དེ་ནས་བཟུང་སྨད་པའི་སྤང་དཀར་ཐང་དུ་རྟ་རྒྱུག་གི་གོམས་སྲོལ་ཆགས་ཤིང་ད་ལྟའི་བར་དུ་རྒྱུན་མ་ཆད་པར་མ་ཟད། སྤང་དཀར་ཐང་ལ་གེ་སར་རྒྱལ་པོའི་རྟ་རྒྱུག་ཐང་ཞེས་པའི་མིང་ཡང་ཐོགས་སོ། ཞེས་ས་དེའི་རྒན་གཞོན་ཚང་མས་གླེང་བཞིན་པ་དེའོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com