དགེ་ལུགས་པའི་གྲུབ་མཐའ་བྱུང་ཚུལ་བྱེ་བྲག་ཏུ་བཤད་པ།

རྩོམ་པ་པོ།:རྒྱལ་མོ་འབྲུག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-05-21 09:30:01 ཀློག་གྲངས།:

   དེ་ཡང་ཕག་མོ་གྲུ་པས་སྐབས་སུ་གསར་དར་བྱུང་བའི་དགེ་ལུགས་པའི་གྲུབ་མཐའ་ནི་མཉམ་མེད་ཙོང་ཁ་པ་ཆེན་པོ་རྗེ་བཙུན་བློ་བཟང་གྲགས་པའི་དཔལ་གྱིས་གསར་བཏོད་མཛད་པ་ཡིན་ཏེ།  ཁོང་རབ་བྱུང་དྲུག་པའི་མེ་བྱུ་སྤྱི་ལོ༡༣༥༧ལ་མདོ་སྨད་ཙོང་ཁའི་ཡུལ་གྲུ་སྟེ།  ད་ལྟའི་མཚོ་སྔོན་ཞིང་ཆེན་སྐུ་འབུམ་བྱམས་པ་གླིང་གི་གནས་འདིར་མལ་གྱི་རིགས་ལས་བྱུང་བ་ཡབ་ཀླུ་འབུམ་དགེ་དང་ཡུམ་ཤིང་བཟང་ཨ་ཆོས་བྱ་བ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  ཁོང་གི་ཡབ་ཡོན་རྒྱལ་རབས་སྐབས་ཀྱི་ས་གནས་དཔོན་ཆུང་ཧོར་ད་ར་ཁ་ཆེ(大鲁花赤)བྱ་བ་སྟེ་སྡེ་ཡི་ཁ་འཛིན་ཡིན་པས་མཚན་ལ་ཡང་ད་ར་ཁ་ཆེ་ཀླུ་འབུམ་དགེ་ཞེས་ཀྱང་བྱའོ།།  རྗེ་ཙོང་ཁ་པ་ཆེན་པོ་དགུང་ལོ་གསུམ་པའི་སྟེང་ཆོས་རྗེ་ཀརྨ་རོལ་པའི་རྡོ་རྗེའི་མདུན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ཀུན་དགའ་སྙིང་བོ་ཞེས་གསོལ།  དགུང་ལོ་བདུན་པའི་སྟེང་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཞབས་དྲུང་དུ་ཕེབས་ཏེ་དགུ་ཚུལ་གྱི་སྡོམ་པ་བཞེས་ཤིང་མཚན་བློ་བཟང་གྲགས་པ་ཞེས་གསོལ།  ཆོས་རྗེ་དོན་རིན་པས་རྗེ་བདག་ཉིད་ཆེན་པོ་འདི་པ་བསྟན་པའི་བདག་པོར་འགྱུར་བའི་ཐུགས་རེས་སྐུ་བྱིས་པའི་དུས་ནས་སྐྱེད་སྲིང་དང་ལྷག་ལྷའི་སྒོ་ནས་ཤེས་རབ་འཕེལ་བའི་ཐབས་དུ་མ་མཛད་དེ་བསྐྱངས།  དགུང་ལོ་བཅུ་དྲག་སྟེང་དབུས་གཙང་ཕྱོགས་སུ་འབྱོན་པར་བརྩམས་ཤིང་ཆོས་རྗེ་དོན་རིན་པའི་ཇི་ལྟར་བགྱི་བའི་ཞལ་གདམས་དང་མཐུན་རྐྱེན་རྫོངས་པ་བཅས་ལེགས་པར་སྦྱར་ཐོག་དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས་ཏེ་འབྲི་གུང་སྤྱན་སྔ་ཆོས་གྲགས་དང་མཇལ་ཏེ་ཟབ་ཆོས་མང་དུ་གསན།  ཚལ་གྱི་ལྷ་རྗེ་དཀོན་མཆོག་སྐྱབས་བྱ་བ་ལས་གསོ་དཔྱད་གསན་ཅིང་རྒྱུད་བཞི་ཐུགས་འཛིན་གནང་།  སྙེ་ཐང་བདེ་བ་ཅན་དུ་མཁན་པོ་སེང་གེ་མཚན་ཅན་ཟུང་ལས་ཆོས་འབྲེལ་གསན་ཅིང་བླ་བ་འཇམ་རིན་པར་བྱམས་ཆོས་རྣམས་གསན་ཏེ་ཐུགས་སུ་ཆུབ་པར་མཛད།  ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་མཁན་ཆེན་རིན་ཆེན་རྣམ་རྒྱལ།  པཎ་ཆེན་མ་ཏི་པ་རྣམས་ལས་ཆོས་བཀའ་འགའ་ཞིག་དང་ས་བཟང་བའི་དྲུང་དུ་སྒྲ་དང་ལོ་ཆེན་ནམ་མཁའ་བཟང་བོ་ལས་སྙན་ངག   ཉ་དབོན་ཀུན་དགའ་དཔལ་ལས་ཕར་ཕྱིན།  རྗེ་བཙུན་རེད་མདའ་བ་ལས་དབུ་ཚད་ཀྱིས་མཚོན་གཞུང་བཀའ་མང་པོ་དང་ཁོང་བླ་མའི་གཙོ་བོར་མཛད།  དྭགས་ཡུལ་བ་ལས་སྔགས་རྙིང་མའི་སྐོར་དང་བོ་དོང་བ་ལས་སྦྱོར་བ་ཡན་ལག་དྲུག་པ་དང་སྣར་ཐང་ལོ་ཙྰ་བ་ལས་མཛོད་དང་ཚད་མའི་ཊཀྐི་སོགས་གསན་ཅིང་།  ལོ་ཆེན་བྱང་ཆུབ་རྩེ་མོ་ལས་མངོན་པ་ཀུན་བཏུས།  ལྷོ་བྲག་གྲུབ་ཆེན་ལས་སྙན་རྒྱུད་སོགས་མཐའ་ཡས་པ་གསན་པས་མཚོན་བསྡོམས་ན་གངས་ཅན་མཁས་གྲུབ་གཉིས་ལྡན་གྱི་བཤེས་གཉེན་བཅུ་ཕྲག་བཞི་སྐོར་ལྷག་གཙུག་ཏུ་བསྟེན་ཅིང་།  ཁྱད་པར་བཀའ་དྲིན་ཅན་གྱི་བླ་མ་བཅུ་བཞི་དང་དེ་ལས་འགྲན་ཟླ་དང་བྲལ་བའི་བླ་མ་བཞི།  རྩ་བའི་བླ་མ་རྗེ་བཙུན་རེད་མདའ་བས་མཚོན་སློབ་དཔོན་དམ་པ་དེ་དག་གིས་བསྟན་པའི་མདོ་སྔགས་རིག་གནས་དང་བཅས་པ་ཀུན་ལ་གསན་རྒྱ་ཆེ་བ་མ་ཟད།  ས་སྐྱ་དང་རྩེད་ཐང་། ལ་སྟེང་སྣར་ཐང་སོགས་སུའང་གྲྭ་སྐོར་མཛད་པ་སོགས་རྒྱུའི་ཐེག་པ་མཐའ་དག་ལ་མཁས་པའི་རྩེར་སོན།  བསྟན་བཅོས་གསུང་འབུམ་གྱི་སྐོར་ལའང་ཡོངས་གྲགས་ཀྱིབྱང་ཆུབ་ལམ་རིན་ཆེན་མོདངསྔགས་རིན་ཆེན་མོ  ལེགས་བཤད་གསེར་ཕྲེངསོགས་ཀྱིས་མཚོན་མདོ་སྔགས་རིག་གནས་དང་བཅས་པའི་བཀའ་འབུམ་པོད་བཅོ་བརྒྱད་ལྷག་བཞུགས་པ་ད་ལྟ་བོད་ཡུལ་ཙམ་དུ་མ་ཟད་བསྟན་པ་གར་ཁྱབ་ཀྱི་ཡུལ་གྲུ་ཀུན་ཏུ་བཞུགས་ཡོད་པ་དེ་ཡིན་ནོ།།

   དེ་ལ་རྗེ་རིན་པོ་ཆེའི་སྐུ་ཚེ་འདིའི་མཛད་ཆེན་བཞིར་གྲགས་པའི་དང་པོ་ནི་འོལ་ཁ་རྫོང་ཕྱིའི་བྱམས་ཆེན་གྱི་སྐུ་ཞིག་གསོ་མཛད་དེ་བསྟན་པའི་ཞབས་ཏོག་ལེགས་པར་བསྒྲུབས་པ་དང་།  གཉིས་པ་གཉལ་གྱི་གསེར་ཕྱེ་འབུམ་པར་མཆོད་པ་ཆེན་པོ་དང་འདུལ་བའི་ཆོས་མང་དུ་གསུངས་ཐོག་ལྟུང་བྱེད་ཉེས་བྱས་བཅས་ཀྱི་བཤགས་པ་མཛད་ཅིང་སྐྱེ་བོའི་ཚོགས་རྣམས་ཀྱང་བསྙེན་གནས་དང་སྐྱབས་འགྲོའི་སྡོམ་པ་ལས་སྦྱར་བས་སྐྱ་སེར་ཐམས་ཅད་ཀྱིས་སྰ་ཚྰ་འབུམ་ཐེར་འདེབས་པ་དང་ཚུལ་དེ་བསྒྲུབ་པར་འཇུག་པ།  གསུམ་པ་ལྷ་སར་མཉན་ཡོད་མཆོད་པའི་དུས་སྟོན་ཆོ་འཕྲུལ་སྨོན་ལམ་གྱི་སྟ་གོན་གནང་སྟེ་རྟེན་དང་བརྟེན་པ་བཅས་པ་ཞིག་གསོ་དང་།  ཁྱད་པར་ལྷ་སའི་ཇོ་བོ་རིན་པོ་ཆེར་གསེར་ཞལ་དང་དབུ་རྒྱན་སྒྲོན་ཐོག་སྐད་གྲགས་ཅན་གྱི་ལྷ་ལྡན་སྨོན་ལམ་ཆེན་མོ་ཞེས་ད་ལྟའི་བར་སྲོལ་མ་ཉམས་པར་ཡོད་པ་འདི་གསར་གཏོད་མཛད།  བཞི་པ་དགེ་ལྡན་བསྟན་པའི་འབྱུང་གནས་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ས་གཞི་བརྟག་བ་དང་དཀྱིལ་འཁོར་སྒྲུབ་མཆོད་བཅས་འདུལ་བ་དང་གཙུག་ལག་གི་དོན་ལྟར་མཛད་ནས་ལེགས་པར་བཏབ་སྟེ་ཞྭ་སེར་བསྟན་པའི་སྲོལ་གསར་གཏོད་མཛད་པ་བཅས་ཡིན་ལ།  མཐར་དགུ་གྲངས་རེ་གསུམ་པ་རབ་བྱུང་བརྒྱད་པའི་ས་ཕག་སྤྱི་ལོ༡༤༧༩པའི་བོད་ཟླ་བཅུ་པའི་ཚེསཉེར་ལྔ་ཉིན་དགའ་ལྡན་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་ལགས་སོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།