ཇོ་ནང་བ།

རྩོམ་པ་པོ།:ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-12-11 10:49:09 ཀློག་གྲངས།:

   ཇོ་ནང་བ་ནི་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཇོ་མོ་ནང་དུ་དགོན་པ་བཏབ། དོལ་བུ་བ་དེར་བཞུགས་ནས་གྲུབ་མཐའ་འདི་རྒྱ་ཆེར་སྤེལ་བས་དེ་ནས་བཟུང་བརྒྱུད་འཛིན་རྣམས་ལ་ཇོ་ནང་བ་ཞེས་གྲགས། ཇོ་ནང་གི་གྲུབ་མཐའི་རྩ་བའི་ཁོངས་ནི། ཡུ་མོ་མི་བསྐྱོད་རྡོ་རྗེ་སྟེ། དང་པོ་རྣལ་འབྱོར་བ། ཕྱིས་རབ་ཏུ་བྱུང་ནས་མཚན་དད་པ་རྒྱལ་པོ། སོག་འདུལ་འཛིན་སོགས་བླ་མ་མང་དུ་བསྟེན། ཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་ལས་ཆོས་འགའ་ཞིག་གསན། ཟླ་མགོན་གྱི་སློབ་མ་སྒྲོ་སྟོན་གནམ་ལ་བརྩེགས་ལས་དུས་འཁོར་རྒྱུད་འགྲེལ་མན་ངག་དང་བཅས་པ་དང༌། སྒྲོན་གསལ་མན་ངག་དང་བཅས་པ་ཞིབ་ཏུ་གསན། དེ་ནས་འུ་ཡུག་ཏུ་བྱོན་ནས་བསྒོམས་པས་རྟོགས་པ་བརྙེས། གཞན་སྟོང་གི་ལྟ་བ་ཐུགས་ལ་ཤར། མངོན་ཤེས་མངའ་ཞིང༌། བྱ་རོག་དང་སྐྱ་ཀར་སྤྲུལ་པ་སོགས་སྤྲུལ་བསྒྱུར་དུ་མ་མཛད་པས་གྲུབ་ཐོབ་ཀྱི་གྲགས་པ་ཆེ། དུས་འཁོར་སོགས་ཀྱི་ཡིག་ཆ་འགའ་ཞིག་ཀྱང་མཛད། དགུང་ལོ་བརྒྱད་ཅུ་གྱ་གཉིས་པ་ལ་གཤེགས།

ཇོ་ནང་བའི་གཞན་སྟོང་གི་ལྟ་བའི་འདོད་ཚུལ་ནི། དེ་ཡང་ངེས་དོན་རྒྱ་མཚོར་གྲགས་པ་དེར་འདི་བཞིན་དུ་བཞག་སྟེ། ཆོས་ཐམས་ཅད་ཡིན་ལུགས་དོན་དམ་པའི་བདེན་པ་དེ་རྟག་པ་བརྟན་པ་ཐེར་ཟུག་པ། དེ་ཉིད་ཀུན་གཞི་ལ་རྣམ་ཤེས་དང་ཡེ་ཤེས་གཉིས་དུ་ཡོད་པའི་ཡེ་ཤེས་ཡིན་ཅིང༌། དེ་ཉིད་དོན་དམ་ཆོས་ཉིད་ཀྱི་དཀོན་མཆོག་གསུམ་དང༌། དེ་ཉིད་བརྟན་གཡོ་ཀུན་ལ་ཁྱབ་པར་བཞུགས་པའི་དབྱིངས་རིག་དབྱེར་མེད་ཀྱི་ལྷ་ཚོགས་དང༌། དེ་ཉིད་བདེ་གཤེགས་སྙིང་པོ་དང༌། རང་བཞིན་དུ་གནས་པའི་རིགས་དང༌། རྒྱུད་སྡེར་གསུངས་པའི་རིགས་བརྒྱ་སོགས་དང་དོན་གཅིག་ཅིང༌། དེ་ཉིད་གཞི་འབྲས་དབྱེར་མེད་ཀྱི་རྒྱུད་དུ་བཞུགས་ཚུལ་དང༌། དེ་ཉིད་ཆོས་སྐུའི་གནས་སྐབས་གསུམ་དུ་ཡོད་ཚུལ་དང༌། དེ་ཉིད་གཞི་ལ་རྟག་ཏུ་བཞུགས་ཀྱང་རྣམ་ཤེས་ལ་གཏན་མི་སྣང་བར་འདོད་ཅིང༌། གཞིའི་གནས་ཚུལ་དེ་ལྟར་ཡིན་པ་དེ་ཉིད་རྣལ་འབྱོར་དྲུག་གི་རིམ་པས་ཉམས་སུ་བླངས་པས་འབྲས་བུ་ཆོས་ཉིད་ཀྱི་སྐུ་མངོན་དུ་འགྱུར་ཚུལ་སོགས་རྒྱས་པར་བསྟན་ཅིང༌། དེ་རྣམས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང༌། རྔ་བོ་ཆེའི་མདོ་དང༌། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་དང༌། དཔལ་ཕྲེང་སེང་གེའི་ང་རོའི་མདོ་དང༌། འཕེལ་བ་དང་འགྲིབ་པ་མེད་པར་བསྟན་པའི་མདོ་དང༌། མྱ་ངན་ལས་འདས་པའི་མདོ་དང༌། ཕལ་པོ་ཆེ་དང༌། དཀོན་མཆོག་བརྩེགས་པ་དང༌། གསེར་འོད་དམ་པ་སོགས་ལས་གསལ་བར་གསུངས་ཤིང༌། བཀའ་ཐ་མའི་དགོངས་འགྲེལ་སོགས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་ལ་བསྟོད་པ་སོགས་ཀྱིས་ཀྱང་རྒྱས་པར་གཏན་ལ་ཕབ་པས། འདི་ནི་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཀྲལ་བ། གྲུབ་པ་བརྙེས་པའི་རྣལ་འབྱོར་བ་རྣམས་ཀྱིས་བསྒོམས་པ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཞེད་པ་ཕྱིན་ཅི་མ་ལོག་པ་ཡིན་གྱི། ཀུན་རྫོབ་ཀྱི་ཆ་འདི་རྣམས་ནི་རང་སྟོད༌། ཆད་སྟོང༌། དགག་སྟོང༌། ཉི་ཚེ་བའི་སྟོང་པ་ཡེ་ནས་མེད་པ་ཐར་པ་འདོད་པ་རྣམས་ཀྱིས་ཀྱང་རྣམ་པ་ཐམས་ཅད་དུ་དོར་བར་བྱ་བ་ཡིན་ནོ།།ཞེས་བྲིས་སོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།