མཆོད་རྟེན་གྱི་མཚོན་དོན།
རྫོགས་ཆེན་མཁྱེན་བརྩེ་འོད་ཟེར་གི་གསུང་གཏམ་ཚོགས་ལེའུ་ཞེ་ལྔ་པར། དེ་ལྟར་མཆོད་རྟེན་རྣམ་གཞག་ལ། །ཟླུམ་པའི་དབྱིབས་སུ་བྱས་པ་ཀུན། །སྤྲོས་པའི་མཚན་མ་ཉེར་ཞི་དོན། །གྲུ་བཞིའི་དབྱིབས་སུ་བྱས་པ་ནི། །སྤངས་རྟོགས་ཡོན་ཏན་རྫོགས་པའི་བརྡ། །དགེ་བཅུ་ཐར་པའི་རྨང་རྟེན་ཡིན། །བང་རིམ་བཞི་པོ་རིམ་པ་བཞིན། །དྲན་པ་ཉེར་གཞག་ཡང་དག་སྤོང་། །རྫུ་འཕྲུལ་རྐང་དབང་པོ་ལྔ། །བུམ་གདན་སྟོབས་ལྔ་བུམ་པ་ནི། །བྱང་ཆུབ་ཡན་ལག་བདུན་དུ་མཚོན། །བྲེ་ནི་འཕགས་ལམ་ཡན་ལག་བརྒྱད། །ཤེས་བཅུ་སྟོབས་བཅུ་མ་འདྲེས་པའི། །དྲན་པ་ཉེར་གཞག་གསུམ་རིམ་བཞིན། །སྲོག་ཤིང་འཁོར་ལོ་བཅུ་གསུམ་མཚོན། །ཐུགས་རྗེས་སྐྱོབ་པ་ཆར་ཁེབས་གདུགས། །ཉི་ཟླ་འཇིག་རྟེན་མུན་སེལ་འོད། །ཏོག་ནི་འགྲན་ཟླ་བྲལ་བའི་རྟགས། །བརྡ་དོན་མཚུངས་པར་མདོ་རྒྱུད་ནས། །གསུངས་བཞིན་དུ་མཁས་པས་དཔྱད། །ཅེས་གསུངས།
དེ་བཞིན་དུ་སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་མཛད་པའི་འདུལ་བ་ལུང་ཞུ་བའི་འགྲེལ་བར། མཆོད་རྟེན་གྱི་གནས་ནི་ཆོས་ཀྱི་སྐུ་སྟེ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་བདག་ཉིད་དྲན་པ་ཉེ་བར་གཞག་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་དང་། མཁྱེན་པ་དང་། སྟོབས་དང་། ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་གཟུགས་བརྙན་ཉིད་དུ་བསླབ་པ་ཡིན་པའི་ཕྱིར་རོ། །ཞེས་གཞི་ལམ་འབྲས་གསུམ་གྱི་ཡོན་ཏན་ཁྱད་པར་ཅན་དེ་འདྲ་མཚོན་པར་གསུངས་པ་ལྟར་རོ། །
དེ་ཡང་ཁྲི་ཡོད་ན་དེའི་སྟེང་དང་། མེད་ཀྱང་རུང་མཆོད་རྟེན་གྱི་རྨང་ཞེས་པ་བང་རིམ་འོག་མ་ལས་རྒྱ་ཆེ་བ་ཞིག་ཡོད་པ་དེས་ཐར་པའི་རྨང་གཞི་དགེ་བ་བཅུ་མཚོན་པས། འདི་ལ་མིང་གཞན་དགེ་བཅུ་ཡང་ཟེར་ལ། དེ་ཉིད་པད་འདབ་ཅན་དུ་བྱས་པའང་ཡོད།
དེ་ནས་བང་རིམ་དང་པོས་ལུས་དྲན་པ་ཉེར་གཞག་དང་། ཚོར་བ་དྲན་པ་ཉེར་གཞག །སེམས་དྲན་པ་ཉེར་གཞག །ཆོས་དྲན་པ་ཉེར་གཞག་བཅས་བཞི་མཚོན་ལ། དེ་ཡང་རིམ་བཞིན་ལུས་མི་གཙང་བ་དང་། ཚོར་བ་སྡུག་བསྔལ་བ། སེམས་མི་རྟག་པ། ཆོས་བདག་མེད་པ་སོགས་དྲན་ཅི་མཉམ་པར་གཞག་པའི་ཡེ་ཤེས་ཁྱད་པར་ཅན་རྣམས་སོ། །
བང་རིམ་གཉིས་པས་ཡང་དག་སྤོང་བ་བཞི་མཚོན་ཏེ། དེ་དག་ནི་མི་དགེ་བ་མ་སྐྱེས་པ་མི་སྐྱེས་པའི་ཡང་དག་སྤོང་བ། སྐྱེས་པ་སྤོང་བའི་ཡང་དག་སྤོང་བ། དགེ་བ་མ་སྐྱེས་པ་བསྐྱེད་པའི་ཡང་དག་སྤོང་བ། སྐྱེས་པ་སྤེལ་བའི་ཡང་དག་སྤོང་བ་དང་བཞི་སྟེ་དགེ་སྡིག་སྤང་བླང་ལ་ཡང་དག་པར་འབད་པའི་བརྩོན་འགྲུས་རྣམས་ཏེ་སྤོང་བྱེད་ཡང་དག་པས་སྤང་བྱ་ཡང་དག་པར་སྤོང་བར་བྱེད་པས་ཡང་དག་སྤོང་བ་ཞེས་བརྗོད།
བང་རིམ་གསུམ་པས་རྫུ་འཕྲུལ་གྱི་རྐང་པ་བཞི་མཚོན་ཏེ། དེ་དག་ནི་གཙོ་བོར་དགེ་བ་ལ་དད་ཅིང་འདུན་པའི་སྟོབས་ལས་བྱུང་བ་འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། འབད་བརྩོན་ཤུགས་དྲག་བསྟེན་པའི་སྟོབས་ལས་བྱུང་བའི་བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དང་། སྔོན་སེམས་ལ་ཡུན་རིང་གོམས་སྟོབས་ལས་བྱུང་བའི་སེམས་པའི་རྫུ་འཕྲུལ་གྱི་རྐང་པ་དང་། གདམས་པའི་དོན་ལ་དཔྱད་སྟོབས་ལས་བྱུང་བའི་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཏེ། །དེ་ཡང་། དེ་དག་གིས་ཞིང་ཁམས་རྣམས་སུ་མྱུར་དུ་བགྲོད་ནུས་པས་ན་རྫུ་འཕྲུལ་གྱི་རྐང་པ་ཞེས་བརྗོད།
བར་རིམ་བཞི་པས་དད་སོགས་དབང་པོ་ལྔ་མཚོན་ལ། དེ་དག་ནི་དགེ་བ་ལ་ཡིད་ཆེས་པའི་དད་པའི་དབང་པོ། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་ཀྱི་དབང་པོ། དགེ་བའི་དམིགས་པ་མི་བརྗེད་པའི་དྲན་པའི་དབང་པོ། དགེ་བའི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་གྱི་དབང་པོ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་དབང་པོ་བཅས་ལྔ་སྟེ། དེ་ཡང་དེ་ལྔས་ཉེས་སྐྱོན་རྣམ་པར་བྱང་བ་ཐར་པ་ཐོབ་པ་ལ་དབང་བྱེད་པས་རྣམ་བྱང་དབང་པོ་ལྔ་ཞེས་བརྗོད།
དེའི་སྟེང་བུམ་གདན་གྱིས་སྟོབས་ལྔ་མཚོན་ཏེ། སྟོབས་ལྔ་ནི། དད་པའི་སྟོབས་དང་བརྩོན་འགྲུས་ཀྱི་སྟོབས། དྲན་པའི་སྟོབས། ཏིང་ངེ་འཛིན་གྱི་སྟོབས། ཤེས་རབ་ཀྱི་སྟོབས་བཅས་ལྔ་ཡིན་ཞིང་། དེ་ཡང་སྐབས་འདིའི་དད་སོགས་ལྔ་པོ་དེ་དག་མ་དད་པ་དང་། ལེ་ལོ་དང་། བརྗེད་ངས་དང་། རྣམས་གཡེང་དང་། ཤེས་འཆལ་སོགས་རང་རང་གི་མི་མཐུན་ཕྱོགས་ཀྱིས་བརྫི་བར་མི་ནུས་པས་ན་སྟོབས་ལྔ་ཞེས་བརྗོད།
བུམ་པས་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་མཚོན་ལ། དེ་དག་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཆོས་རབ་ཏུབ་རྣམ་འབྱེད་ཡང་དག་བྱང་ཆུབ་ཀྱི་ཡན་ལག །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཤིན་སྦྱངས་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བཅས་སོ། །དེ་དག་བྱང་ཆུབ་འཐོབ་བྱེད་ཀྱི་ཡན་ལག་གམ་རྒྱུ་ཡིན་པས་དེ་ལྟར་བརྗོད་པ་དང་། དེ་རྣམས་ལས་དགའ་བ་ཞེས་པ་ནི་ཟག་མེད་ཀྱི་བདེ་བས་སེམས་དགའ་བའམ་ཡིད་བདེ་ཞིང་རངས་པ་དང་། ཤིན་སྦྱངས་ནི་ལུས་སེམས་ལས་སུ་རུང་བ་དང་། བཏང་སྙོམས་ནི་སེམས་དགེ་བའི་དམིགས་པ་ལ་རང་དགར་འཇོག་ཐུབ་པ་རྣམས་ཡིན་ལ། གཞན་དག་ནི་གོང་དུ་དབང་པོ་ལྔ་བཤད་པ་དེས་གོ་བར་ནུས།
མཆོད་རྟེན་གྱི་བྲེ་ཡིས་འཕགས་ལམ་ཡན་ལག་བརྒྱད་མཚོན་ལ། དེ་དག་ནི་ཡང་དག་པ་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་འཕགས་པའི་ལམ་བཅས་བརྒྱད་དོ། །དེ་རྣམས་ཀྱི་ངོ་བོ་རགས་པ་ཙམ་ནི་རིམ་བཞིན་འདི་ལྟར། བདག་མེད་རྟོགས་པའི་ཤེས་རབ་དང་། རྟོག་དཔྱོད་གཉིས་སུ་ཕྱེ་བའི་རྟོག་པ་ངག་སྨྲ་བའི་ཀུན་སློང་རྣམ་དག་དང་། རྫུན་སོགས་ངག་ལུས་ཡིད་གསུམ་གྱི་ཉེས་སྐྱོན་རྣམ་པར་དག་བྱེད་གསུམ་དང་། གཉེན་པོ་ལམ་ལ་འབད་ཅིང་རྩོལ་བ་དང་། ཐ་མ་གཉིས་ནི་གོང་གསལ་ལྟར་ལ། འདི་དག་ནི་འཕགས་པའི་ལམ་གྱི་ཆ་ཤས་སམ་ཡན་ལག་ཡིན་པས་ཡང་དག་པའི་ལྟ་བ་འཕགས་པའི་ལམ་ཡན་ལག་ཅེས་བརྗོད་དོ། །
ཡང་བྲེ་ལོགས་ཀྱིས་ཡེ་ཤེས་བཞི་དང་། རྣམ་ཐར་བཞི་མཚོན་པར་བཞེད་པ་ལྟར་ན། ཡེ་ཤེས་བཞི་ནི་མེ་ལོང་ཡེ་ཤེས་དང་། མཉམ་ཉིད་སོར་རྟོགས། བྱ་སྒྲུབ། ཆོས་དབྱིངས་ཡེ་ཤེས་བཅས་ལྔ་ནས་དང་པོ་བཞི་དེ་ཡིན་པར་གསུངས་ལ། དེ་དག་ཀྱང་རིམ་བཞིན་ཆོས་ཐམས་ཅད་གསལ་བར་འཆར་བ་དང་། སེམས་ཅན་ཀུན་ལ་སེམས་མཉམ་པར་འཇུག་པ་དང་། ཆོས་རྣམས་མ་འདྲེས་པར་སོ་སོར་རྟོགས་པ་དང་། འགྲོ་བའི་དོན་སྣ་ཚོགས་པར་མཛད་པ་དང་། ཆོས་ཀྱི་དབྱིངས་ལ་སླར་མི་ལྡིང་བར་མཉམ་པར་བཞག་པའི་ཆ་ནས་དེ་དང་དེ་ཞེས་བརྗོད་ལ། ངོས་ལ་སྤྱན་བྲིས་སྲོལ་དེའང་ཡེ་ཤེས་ཀྱི་སྤྱན་མཚོན་བྱེད་ཡིན་པར་སྣང་། ཡང་གཞལ་ཡས་ཁང་ངོས་བཞི་དེ་རྣམ་ཐར་བརྒྱད་དག་པ་ལ་སྦྱར་བར་གསུངས་ཡོད་པ་ལྟར་ན། འདིར་འོག་གི་ལུང་དེར་བྲེ་ལོགས་དེ་རྣམ་ཐར་བཞིར་བརླབ་ཅེས་པ་དེ་ཡིག་ནོར་རམ་ཡང་ན་ཟུར་བཞིར་གོ་དགོས་སམ་དཔྱད་བྱར་སྣང་། རྣམ་ཐར་ཟུང་བཞིའམ་ཡ་བརྒྱད་ནི། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར། སྡུག་པའི་རྣམ་ཐར། འགོག་པའི་རྣམ་ཐར་དང་། སྲིད་རྩེའི་རྣམ་ཐར་རྣམས་ཏེ། དེ་དག་ནི་རང་རང་གི་མི་མཐུན་ཕྱོགས་ཀྱི་སྒྲིབ་པ་ལས་རྣམ་པར་གྲོལ་ཞིང་ཐར་པས་དེ་ལྟར་བརྗོད།
དེ་ལྟར་འདི་མན་གྱི་དྲན་པ་ཉེར་གཞག་བཞི། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་རྐང་པ་བཞི། དབང་པོ་ལྔ། སྟོབས་ལྔ། བྱང་ཆུབ་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད་བཅས་ཕྱེ་ན་གྲངས་སོ་བདུན་ཡོད་པ་དེ་དག་ནི་འཕགས་པའི་གང་ཟག་ཐམས་ཅད་གང་ནས་གཤེགས་པའི་ལམ་པོ་ཆེ། བྱང་ཆུབ་སྟེ་ཆོས་སྐུ་འཐོབ་བྱེད་ཀྱི་རྒྱུ་བྱང་ཕྱོགས་སོ་བདུན་ཏེ་བྱང་ཆུབ་ཕྱོགས་ཀྱི་ཆོས་སོ་བདུན་ཞེས་པ་དེའོ། །
འདི་ཡན་གྱི་འབྲས་བུའི་ཆོས་མཚོན་ཏེ། དེ་ཡང་འདིར་སྲོག་ཤིང་ཞེས་པ་དེ་ཆོས་འཁོར་བཅུ་གསུམ་རྟེན་སའི་གཞུང་ཤིང་རིང་པོ་དེ་ཡིན་པར་སྣང་། དེས་ཤེས་པ་བཅུའམ་མཁྱེན་པ་བཅུ་མཚོན་པ་བསྟོན་པར་གསུངས་ཤིང་། ཤེས་པ་བཅུ་ནི། ཐེག་པ་ཐུན་མོང་བ་ལྟར་ན། སྡུག་བསྔལ་ཤེས་པ། དེ་བཞིན་དུ་ཀུན་འབྱུང་། འགོག་པ། ལམ། ཟད་པ། མི་སྐྱེ་བ། ཆོས། རྗེས་སུ། ཀུན་རྫོབ། ཕ་རོལ་སེམས་ཤས་པ་བཅས་ལ་ཟེར། དེ་ཡང་དེ་དག་རང་རང་གི་ཡུལ་ཐེ་ཚོམ་དང་བྲལ་བའི་ཆ་ནས་དེ་དང་དེ་ཤེས་པ་ཞེས་སྨྲས་ཤིང་གྲགས།
གསང་སྔགས་བླ་མེད་ཐུན་མོང་མིན་པའི་ལུགས་ལྟར་ན། འཇམ་དཔལ་མཚན་བརྗོད་ལས། ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཞེས་སོགས་ཀྱི་དོན་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལ་ལྡོག་ཆས་ཕྱེ་ན་མེ་ལོང་ཡེ་ཤེས་སོགས་ལྔ་ལྔ་རེ་ཡོད་པ་དེ་ལ་གོ་དགོས་ཚུལ་གུང་ཐང་རིན་པོ་ཆེའི་གསུང་མ་ཎིའི་སྒྲུབ་ཐབས་འགྲེལ་བར་གསལ་བ་ལྟར་རོ་སྙམ་ཞིང་། སྲུབ་འཁོར་གྱི་ཁྲོ་བོ་བཅུ་ཤེས་པ་བཅུར་སྦྱར་ཚུལ་དེའང་ཐུན་མོང་དང་ཐུན་མོང་མིན་པའི་ཚུལ་གཉིས་ཡོད་པ་ཡིན་མིན་ཡང་དཔྱད་བྱར་སྣང་། གཞན་ཡང་རྗེ་བདག་ཉིད་ཆེན་པོས་ལམ་རིམ་ཉམས་མགུར་དུ། སེམས་བསྐྱེད་ཐེག་མོག་ལམ་གྱི་གཞུང་ཤིང་སྟེ། །ཞེས་གསུངས་པ་ལྟར། སྲོག་ཤིང་ངམ་གཞུང་ཤིང་དེ་བྱང་ཆུབ་ཀྱི་སེམས་མཚོན་པ་ལའང་སྦྱར་དུ་རུང་བར་སྣང་ངོ་།།
བྲེའི་སྟེང་པདྨ་དེས་འཁོར་བའི་ཉེས་སྐྱོན་དང་བྲལ་བར་མཚོན་པ་དང་། དེའི་སྟེང་ཆོས་འཁོར་བཅུ་གསུམ་ཞེས་པ་དེ་ནི་སྟོབས་བཅུ་དང་ཐུགས་དྲན་བ་ཉེར་གཞག་རྣམ་པ་གསུམ་བཅས་ཆོས་བཅུ་གསུམ་མཚོན་ལ། དེ་ལ་སྟོབས་བཅུ་ནི། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། ལས་དང་རྣམ་སྨིན་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། ཁམས་སྣ་ཚོགས་མཁྱེན་པའི་སྟོབས། ཀུན་ནས་ཉོན་མོངས་དང་རྣམ་བྱང་མཁྱེན་པའི་སྟོབས། སྔོན་གནས་རྗེས་དྲན་མཁྱེན་པའི་སྟོབས། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས། ཟག་པ་ཟད་པ་མཁྱེན་པའི་སྟོབས་དང་བཅུའོ། །འདིའི་དང་པོ་ནི་རྒྱུ་འབྲས་ཀྱི་རྣམ་དབྱེ་དང་། བདུན་པ་ནི་སྡུག་ཀུན་ཕྱོགས་དང་འགོག་ལམ་ཕྱོགས་ཀྱི་ཆོས་རྣམས་དང་། བཅུ་པ་ཉོན་མོངས་པ་ཅི་རིགས་ཟད་ཅིང་སྤངས་པར་མཁྱེན་པ་བཅས་ལ་ཟེར་ཞིང་། གཞན་དག་ནི་ཚིག་ཟིན་ལྟར་གོ་སླ་ལ། དེ་དག་གིས་མཁྱེན་བྱ་དེ་དག་ཐམས་ཅད་ཐོགས་མེད་དུ་མཁྱེན་པས་སྟོབས་ཞེས་བྱའོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com