ཕྱི་རོལ་པའི་གྲུབ་མཐའི་རྣམ་བཞག་མདོར་བསྡུས་ལས་རྒྱང་འཕེན་པར་ངོས་འཛིན་གནང་བ།

རྩོམ་པ་པོ།:གཅན་རྣམ་ཐར་ནས་བཏུས་བསྒྲིགས་བྱས ཡོང་ཁུངས།:ན་གཞོན་གསར་བ། དུས་ཚོད།:2011-04-02 09:52:00 ཀློག་གྲངས།:

                                                                     
        ཕྱི་རོལ་པའི་གྲུབ་མཐའ་རྒྱང་འཕེན་པ་ནི། སྔར་རྒྱ་གར་གྱི་མུ་སྟེགས་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་ནང་ནས་ཤིན་ཏུ་ཐ་ཆད་དུ་གྱུར་པ་ཞིག་སྟེ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལས་རྒྱང་རིང་དུ་སོང་བས་ན་རྒྱང་འཕེན་པའོ། ། མིང་གི་རྣམ་གྲངས་ལ་ཚེ་འདི་ལ་གང་ལེགས་ཙམ་གྱིས་ཆོག་པར་སྨྲ་བས་ཚུ་རོལ་མཛེས་པ། ཤི་བའི་ཚེ་བདག་རྒྱུན་ཆད་པར་སྨྲ་བས་ན་ཆད་སྨྲ་བ། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་ཅི་རིགས་མེད་པར་སྨྲ་བས་ན་མེད་སྨྲ་བ། དྲང་སྲོང་ཕུར་བུའི་རྗེས་སུ་འབྲངས་པས་ཕུར་བུ་བའམ་ལྷའི་བླ་མ། འཇུག་སྟོབས་སྟོན་པར་འཛིན་པས་ན་འཇུག་སྟོབས་ཅན། དངོས་པོ་རྣམས་རྒྱུ་མེད་པར་ངོ་བོ་ཉིད་ལས་བྱུང་བར་སྨྲ་བས་ངོ་བོ་ཉིད་སྨྲ་བའམ་རང་བཞིན་སྨྲ་བ་ཞེས་ཟེར། སྟོན་པ་ནི་དྲང་སྲོང་ཕུར་བུའམ་ལྷའི་བླ་མ། འཇིག་རྟེན་མིག འཇུག་སྟོབས་ལྭ་བ་ཅན་དང་རྟ་མཆོག་སོགས་སྟོན་པ་བཅོ་བརྒྱད་ཡོད་པར་གསུངས། རྒྱང་འཕེན་པའི་རྩ་བའི་གྲུབ་མཐའ་ནི་སྟོན་པ་འཇིག་རྟེན་མིག་གིས་བྱས་པ་ཡིན་ཏེ། དེ་ཡང་དྲང་སྲོང་འཇིག་རྟེན་མིག་ཅེས་བྱ་བ་རྟོག་གེ་ལ་ཤིན་ཏུ་སྦྱངས་པ་ཞིག་བྱུང་། དེས་རང་གི་བུ་མོ་མཛེས་མ་ཞིག་ཡོད་པ་དེ་ལ་ཤིན་ཏུ་ཆགས་ཏེ་འདོད་པ་སྤྱོད་པའམ་འཁྲིག་འདོད་སྤྱོད་པའི་ཕྱིར་སྐྱེ་བ་སྔ་ཕྱི་མེད་པར་སྨྲས་ཏེ་དགེ་བ་ལ་ཕན་ཡོན་དང་། སྡིག་པ་ལ་ཉེས་དམིགས་མེད་པར་སྟོན་པའི་གཞུང་སྔར་དྲང་སྲོང་ཕུར་བུས་བྱས་པའི་བསྟན་བཅོས་དེ་ལས་བཏུས་ཏེ་གཞུང་ལུགས་འབུམ་ཕྲག་གཅིག་བརྩམས། རྩ་བ་དེ་ལ་འཇུག་སྟོབས་ཀྱིས་འགྲེལ་པ་བྱས་པས་དེའི་རྗེས་འབྲངས་རྣམས་ལ་མུ་སྟེགས་རྒྱང་འཕེན་པ་བྱ་བ་རྨོངས་པ་རྣམས་ཀྱི་ཚབས་ཆེ་ཤོས་དེ་བྱུང་བ་ཡིན། དེ་ལ་དབྱེ་ན་འཇིག་རྟེན་ཕ་རོལ་དང་ལྷ་སོགས་འདོད་པའི་ཆད་སྨྲ་གཅིག་དང་། འགྲོ་བ་ཙམ་འདོད་ཀྱི་རྒྱུ་འབྲས་གཏན་ནས་མི་འདོད་པའི་ཆད་སྨྲ་དང་གཉིས། དེ་རེ་རེ་ལའང་རྟོག་གེ་བ་དང་སྙོམས་འཇུག་པ་རེ་ཡོད་དོ། །

        རྒྱང་འཕེན་པས་ལྟ་བ་ནི་སྐྱེ་བ་སྔ་མ་མེད་དེ། སྐྱེ་བ་སྔ་མ་ཞེས་པ་སུས་ཀྱང་མ་མཐོང་བའི་ཕྱིར། མར་མེ་གློ་བུར་བ་ལས་འོད་གློ་བུར་དུ་གྲུབ་པ་བཞིན། ལུས་གློ་བུར་བ་ལས་སེམས་གློ་བུར་དུ་གྲུབ་པ་ཡིན། བྱིས་པ་སྐྱེས་མ་ཐག་པའི་སེམས་ནི་འབྱུང་བ་ཆེན་པོ་སེམས་མེད་རྣམས་ལས་སྐྱེས་པ་ཡིན་ཏེ། སྐྱེ་བ་ཅན་ཡིན་པའི་ཕྱིར། དཔེར་ན་ཆང་ལས་མྱོས་མཐུ་དང་མེ་ཤེལ་ལས་མེ། འོ་མ་ལས་ཞོ་སོགས་རྒྱུུ་འབྲས་མི་མཐུན་པ་དག་འབྱུང་བ་བཞིན་ནོ་ཞེས་ཟེར། ཇི་སྐད་དུ་འབྱུང་བ་སེམས་མེད་རྣམས་ལས་ནི། ། ཤེས་པ་ཡོད་པ་ཉིད་སྐྱེ་སྟེ། ། སྐྱེ་ཅན་ཡིན་ཕྱིར་མྱོས་མཐུ་དང་། ། མེ་ཤེལ་ལས་ནི་མེ་བཞིན་ནོ། ། ཞེས་གསུངས་པ་ལྟར་སྐྱེས་བུའི་རིག་པ་ནི་ལུས་ལས་སྐྱེ་ལ་ལུས་ཀྱང་འབྱུང་བ་ཆེན་པོ་བཞིས་འདུ་བྱས་པ་ཡིན་པའི་ཕྱིར་སྐྱེ་བ་སྔ་མ་མེད་ཅེས་ཟེར་བ་དང་། ཡང་རྒྱང་འཕེན་པས་སེམས་ལུས་ལ་ཁྱད་པར་གསུམ་གྱི་སྒོ་ནས་བརྟེན་པར་འདོད་དེ། དཔེར་ན་ཆང་དང་མྱོས་བྱེད་ཀྱི་ནུས་པ་བཞིན་སེམས་ཀྱི་བདག་ཉིད་དུ་གྱུར་པ་དང་། མར་མེ་དང་དེའི་འོད་བཞིན་དུ་སེམས་ལུས་ཀྱི་འབྲས་བུར་གྱུར་པ་དང་། རྩིག་པ་དང་དེའི་རི་མོ་བཞིན་དུ་སེམས་ལུས་ཀྱི་ཡོན་ཏན་དུ་གྱུར་པའི་ཚུལ་གྱིས་བརྟེན་པར་འདོད་པ་ལས་མར་མེ་དང་མར་མེའི་འོད་བཞིན་ཞེས་པ་ནི་སེམས་ལུས་ཀྱི་འབྲས་བུར་གྱུར་པའི་དཔེ་ཡིན། དེ་མིན་མི་ཞིག་འཆི་བའི་ཚེ་ཡང་ལུས་འབྱུང་བ་ཆེན་པོ་བཞི་དང་། མིག་ལ་སོགས་པའི་དབང་པོ་རྣམས་ནི་ནམ་མཁའི་བག་ལ་ཞ་བར་གྱུར་ཏེ་ལུས་འཇིག་པ་ན་སེམས་ཀྱང་འཇིག་སྟེ་བདག་རྒྱུན་ཆད་པས་འཇིག་རྟེན་ཕ་རོལ་དུ་འགྲོ་བ་མེད་དོ་ཞེས་སྐྱེ་བ་ཕྱི་མ་འགོག་པར་བྱེད་དོ། ། ཇི་སྐད་དུ། མ་ཤི་བར་དུ་བདེ་བར་འཚོ། ། ཤི་ནས་དེ་ཡི་སྤྱོད་ཡུལ་མེད། ། ལུས་ཀྱང་ཐལ་བ་བཞིན་སོང་ནས། ། སླར་འཚོ་བ་ནི་ག་ལ་འགྱུར། ། དེ་ཕྱིར་སྔ་ཕྱི་ཡོད་མ་ ཡིན། ། ཞེས་དང་འཆི་འཕོའི་སེམས་ལ་མཚམས་སྦྱོར་མེད། ཅེས་དང་། གཞན་ཡང་སེམས་དེ་ལུས་ཐ་དད་ལ་བརྟེན་པའི་ཕྱིར་སྐྱེ་བ་སྔ་མའི་ལྷ་དང་འདིའི་མི་གཉིས་རྒྱུད་གཅིག་མི་རུང་བ་སོགས་སྒྲུབ་བྱེད་དུ་མས་སྐྱེ་བ་སྔ་ཕྱི་མེད་པར་འདོད་པས་ན་སྐྱེ་བ་དུ་མར་ལམ་གོམས་པར་བྱེད་པ་མེད་པས་ཐམས་ཅད་མཁྱེན་པ་ཡང་མེད་ཅེས་ཟེར་རོ།། ད་དུང་རྒྱང་འཕེན་པས་རྒྱུ་མེད་པར་ངོ་བོ་ཉིད་ལས་བྱུང་བར་འདོད་པ་ཡིན་པས། རྒྱང་འཕེན་པ་མ་གཏོགས་ཕྱི་རོལ་པའི་གྲུབ་མཐའ་གཞན་རྣམས་ནི་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཁས་ལེན་པ་ཤ་སྟག་ཡིན་ཅིང་། ལུགས་འདི་ལྟ་བུ་ཐམས་ཅད་ཀྱི་ཐ་ཤལ་ཡིན་པར་རང་སྡེ་མ་ཟད་གཞན་སྡེ་ཕལ་ཆེར་ཡང་འདོད། དེ་ལྟར་འདོད་དོན་ཡང་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཁས་མི་ལེན་པས་སོ། ། དེ་བས་སྟོན་པ་ཤྰཀྱ་ཐུབ་པའི་ཆོས་ལུགས་ལ་བཀུར་བའི་བོད་མི་རྣལ་མ་ཞིག་ཡིན་ཚེ། རྒྱང་འཕེན་པའི་ལྟ་བ་འདི་ལ་དུས་གཏན་དུ་དགག་ལན་དང་གད་སྙིགས་སུ་འཕེན་པ་ལས་འདིའི་ལྟ་བ་ཡང་དག་འཛིན་པ་དང་དེ་ལ་དཀར་འདོན་བྱེད་མཁན་གྱི་མི་བུ་དེ་དག་ནི་ནང་བ་སངས་རྒྱས་པའི་གྲལ་མཐར་ཚུད་པའི་མི་ཞིག་ཡིན་པར་ལྟ་ཞོག བོད་མི་རྣམ་དག་ཞིག་ཡིན་ཟེར་ན་ཡང་སུས་ཀྱང་རྣར་འགྲོ་མི་སྲིད། རྒྱང་འཕེན་པས་ལས་རྒྱུ་འབྲས་ལ་སྐུར་བ་འདེབས་ཚུལ་ནི། སྲན་མ་ཟླུམ་པ་དང་ཚེར་མ་རྣོ་བ་དང་རྨ་བྱའི་མདོངས་ཀྱི་རྣམ་པ་སྣ་ཚོགས་པ་དག་སུས་ཀྱང་འབད་ནས་བྱེད་པར་མ་མཐོང་བས་དངོས་པོ་འདི་དག་ནི་རང་གི་ངོ་བོའམ་རང་བཞིན་ཉིད་ལས་འབྱུང་བ་ཡིན་གྱི་རྒྱུ་ལ་སོགས་པ་མ་མཐོང་བས་མེད་པའོ་ཞེས་ཟེར་ཏེ། འཇིག་རྟེན་མིག་གིས། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟེངས་རིང་རྣོ་བ་དང་། ། རྨ་བྱའི་མདོངས་ལ་སོགས་པའོ་ཆོས་རྣམས་ཀུན། ། སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང་། ། ཞེས་ཉི་མ་ཤར་བ་ལ་སོགས་པའི་དཔེས་བདེ་སྡུག་ཀྱང་ངོ་བོ་ཉིད་ལས་བྱུང་གི་རྒྱུ་མེད་པའོ། ། གཏན་ཚིགས་ཀྱང་འདི་ལྟར་འགོད་པར་བྱེད་དེ། གང་ཞིག་རེས་འགའ་བ་དེ་ནི་རྒྱུ་མེད་པར་ངེས་ཏེ། དཔེར་ན་ཚེར་མ་ལ་སོགས་པའི་རྣོ་བ་ལྟ་བུའོ། ། སྡུག་བསྔལ་ལ་སོགས་པ་ཡང་རེས་འགའ་བ་ཉིད་ཡིན་ནོ་ཞེས་ཟེར། གཞན་ཡང་ཚེ་གང་ལ་སྦྱིན་པ་གཏོང་བ་ཁ་ཅིག་དབུལ་བ་དང་། སྲོག་མི་གཅོད་པ་ཁ་ཅིག་ཚེ་ཐུང་བ་དང་། ཡང་སེར་སྣ་ཅན་ཁ་ཅིག་ཕྱུག་པ་དང་། སྲོག་གཅོད་པ་ཁ་ཅིག་ཚེ་རིང་བ་མཐོང་ནས་ལས་བཟང་ངན་གྱི་འབྲས་བུ་འཆོལ་བའམ། ལས་བཟང་ངན་ལ་འབྲས་བུ་བཟང་ངན་རྗེས་སུ་འགྲོ་ལྡོག་མེད་པས་ལེགས་པར་སྤྱད་པ་མེད་དོ། ། ཉེས་པར་སྤྱད་པ་མེད་དོ། ། ལས་འབྲས་མེད་དོ་ཞེས་སྐུར་བ་འདེབས་པ་དང་། སྡུག་བསྔལ་སོགས་ལ་རྒྱུ་མེད་པས་དེ་ལས་གྲོལ་བྱེད་ཀྱི་ལམ་དང་གྲོལ་བ་ཡང་མེད་ཅེས་ཐར་པ་ལ་སྐུར་བ་འདེབས་པར་བྱེད། དུས་དེང་སང་སྙིགས་མ་ལྔ་བདོའི་སྐབས་འདིར། བཟང་ངན་གོ་ལྡོག་ཡོད་པ་དང་། ལས་རྒྱུ་འབྲས་མེད་པ། མི་གང་ཞིག་གིས་མི་སྡུག་པའི་ལས་སྣ་གང་མང་བསྒྲུབ་ན་ཡང་དེ་ནི་འཇིག་རྟེན་འདིའི་སྟེང་ནས་ཆེས་སྡུག་བསྔལ་མེད་པ་དང་མི་བསོད་ནམས་ཅན་ཞིག་ཡིན་པར་འདོད་པ་དང་སྣང་བ་རེད། ང་ཚོས་ནམ་ཡང་ལས་རྒྱུ་འབྲས་ཡོད་པར་བསམས་ནས་བསྡད་ན་ནམ་ཞིག་ལ་ང་ཚོར་ཡིད་ཆེས་ཀྱི་གོ་རྟོགས་ཟབ་མོ་ཐོབ་ཐུབ་ངེས་ཡིན་ནོ། །

                                                          གཅན་རྣམ་ཐར་ཀྱིས་བཏུས་བསྒྲིགས་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།