མགོན་པོ་བྲག་ནག་ལབ་ཙེ་ངོ་སྤྲོད་མདོར་བསྡུས།
མགོན་པོ་བྲག་ནག་ལབ་ཙེ་ཞེས་པ་འདི་ནི། བྲག་དཀར་རྫོང་ཧོལ་ཁ་གྲོང་རྡལ་གྱི་ནུབ་བྱང་གི་མཚམས་སུ་བརྗིད་ཆགས་སེ་གནས་ཡོད་པ་དང་། བཀྲ་ཤིས་འོད་དཀར་རི་བོ་ཞེས་ཡོངས་སུ་གྲགས་པའི་འདབས་དང་འབྲེལ་ནས་ཡོད། ལབ་ཙེ་འདི་ནམ་བསྟད་ཅེ་ན། བོད་རབ་བྱུང་བཅུ་དྲུག་པའི་ཤིང་གླང་སྟེ་སྤྱི་ལོ1985ལོའི་ནག་པ་ཟླ་བའི་ཡར་ཚེས་དགའ་བ་དང་བོར་རྗེ་འཇའ་མོ་ཏཱ་བླ་མའི་སྐུའི་ཕྲེང་བ་བདུན་པ་དཔལ་ལྡན་བླ་མ་དམ་པ་སྒོ་མེ་བླ་དཔོན་གཉིས་ཀྱི་གོ་འཕང་མཐོན་པོར་ཡོངས་སུ་མངའ་བསྒྱུར་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་བཙུན་འཇམ་དབྱངས་བློ་བཟང་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོ་མཆོག་གིས་རང་གི་ལྷ་སྡེ་མི་སྡེ་མཆོད་གཞིས་དད་ལྡན་སྐྱ་སེར་ཕོ་མོ་གདུལ་བྱ་བརྒྱ་ཕྲག་དུ་མའི་འདོད་མོས་ལྟར་དུ། ལབ་ཙེ་བརྩིག་པའི་མཁོ་དངོས་ཡོངས་རྫོགས་ཚགས་སུ་ཆུད་པ་བྱས་ཏེ། བློན་པོ་བྲག་ནག་རྫ་རི་མཐོན་པོའི་དབུ་རྩེར་ལབ་ཙེ་གསར་དུ་རྩིགས་པའི་དབུ་དངོས་སུ་ཚུགས་སོ།།
ལོ་དེའི་ས་ག་ཟླ་བའི་ཡར་ཚེས10ཉིན་ལབ་ཙེ་ལེགས་འགྲུབ་བྱུང་བའི་བར་དུ། སྲོག་ཤིང་བྲི་སྒྲུབ་ཀྱི་སྐོར། ཤིང་བཟོའི་སྐོར། ལྷ་བཟོའི་སྐོར། གཏེར་རྫས་གཏེར་བུམ་གྱི་སྐོར། མདའ་མདུང་མཚོན་ཆའི་སྐོར་སོགས་ལབ་ཙེ་བརྩིགས་ཚུལ་གྱི་གཞུང་རྣམས་ནས་གསུངས་པ་ཇི་བཞིན་ལྷད་སྐྱོན་གྱི་དྲི་མས་མ་གོས་པར་བསྒྲུབས་པ་མ་ཟད། གཞུང་ནས་གསུངས་པ་ལྟར་དུ། དང་པོ་རྒྱབ་རྟེན་གྱི་རིམ་པ་ལ། ཁོང་གི་ལྷ་སྡེ་རྣམས་ཀྱིས་ཉིན་ཐེབས་བཟུང་སྟེ་སྒོ་མེ་གོང་འོག་གི་སྔགས་མང་འདུས་ནས་མགོན་པོའི་ཚོགས་བདག་གི་སྒྲུབ་པ་ཆད་མེད་བྱས་པ་དང་། ཟུར་དུ་དཔོན་སློབ་འགས་སྔ་དྲོར་སྐྱབས་འགྲོ་ཡན་ལག་བདུན་པ། བསང་། ཕྱོགས་བཅུའི་མུན་སེལ། ཡངས་པའི་གྲོང་ཁྱེར་དུ་འཇུག་པ། ཤེར་སྙིང་། གནམ་ས་སྣང་བརྒྱད། བཀྲ་ཤིས་བརྩེགས་པ། དག་པ་གསེར་གྱི་མདོ་ཐིགས། ཀླུའི་དཔང་སྐོང་སོགས་གསུངས་པ་དང་། ཕྱི་དྲོར་ཆོས་སྐྱོང་དང་གཞི་བདག་གཏོར་མ། བརྒྱ་རྩ་ཀླུ་གཏོར་རྣམས་སྐབས་བསྟུན་གྱིས་འཕྲིན་བཅོལ་སོགས་བྱས་པ་དང་། སྔགས་རིམ་ནས་གསུངས་པ་ལྟར་ས་ཆུ་བརྟག་པ་དང་། རྩིས་གཞུང་ནས་བཤད་པ་ལྟར་དུ་ས་དཔྱད་བརྟག་པ་ཇི་བཞིན། ས་བརྟག་པ་ས་བསླང་བ། ས་སྦྱང་བ། ས་བཀྲ་ཤིས་པར་བྱེད་པ་སོགས་སྔོན་དུ་བཏང་སྟེ། ལབ་ཙེ་བརྩིགས་མ་ཐག་ཏུ་ལབ་ཙེ་མཆོད་པ། དེ་ནས་རྟེན་རྫས་མཆོད་པ་འབུལ་བ། དེ་ནས་སྔོན་རབས་བརྗོད་ཅིང་གསེས་རྡོ་འབུལ་བ། དེ་ནས་དམུ་ཐག་འཐེན་པ། དེ་ནས་ཤིས་ཚིག་འབུལ་བ། དེ་ནས་མེ་ཏོག་འཐོར་བ་དང་བཅས་འཕྲིན་ལས་བཅོལ་བ། དེ་ནས་རྟ་བ་བརྒྱ་ཕྲག་མང་བོས་ལབ་ཙེ་གཡས་བསྐོར་དང་བཅས་ཀི་སྒྲ་བསྭོ་སྒྲ་དང་། ཀི་ཀི་བསྭོ་བསྭོ་ཆེའོ་ལྷ་རྒྱལ་ལོ་ཞེས་སྐད་སྒྲས་གནམ་ས་བསྒུལ་བ་དང་ཆབས་ཅིག་ལྷ་སྲུང་དགྲ་ལྷ་དཔང་བསྟོད་བྱས་ནས། བློན་པོ་བྲག་ནག་ཅེས་པ་ལ། མགོན་པོ་བྲག་ནག་ཅེས་རྗེ་འཇའ་མོ་ཁོང་གིས་ལབ་ཙེའི་མིང་གསར་དུ་བཏགས་རྗེས། རབ་གནས་ཀྱི་ཆོ་ག་དང་འབྲེལ་ནས་སྒོ་མེ་ཕྱོགས་ཀྱི་བླ་སྤྲུལ་མི་དཔོན། སྔགས་མང་དད་ལྡན་སེར་སྐྱ་ཕོ་མོ་མང་ཚོགས་མང་བོ་འདུས་ནས་ཆོས་སྟོན་གྱི་ཡོ་ལང་རྒྱ་ཆེར་བྱས་སོ།།
དེ་ནས་ལོ་རྒྱུན་ཆགས་སུ་དུས་གཉེན་ཆེན་མོ་དེར་དད་ལྡན་མང་ཚོགས་མང་པོ་མགོན་པོ་བྲག་ནག་ལབ་ཙེའི་མདུན་དུ་འཛོམས་ནས་མདའ་མདུང་སོགས་མཚོན་ཆ་སྣ་ཚོགས་ཀྱིས་ལབ་ཙེ་བསྟོད་པ། དར་ལྕོག་བསྒྲེངས་པ། ལྷ་བསང་སོགས་བཏང་ནས་སྤྱིར་ཁམས་གསུམ་སྐྱེ་བོ་མ་གྱུར་སེམས་ཅན་ཐམས་ཅན་བདེ་བ་དང་ལྡན་པ། ཡང་སྒོས་བོད་གངས་ཅན་གྱི་ཆོས་སྲིད་གྱི་སྐྱེས་ཆེན་དམ་པ་དག་གི་སྐུ་ཚེ་རྟག་བརྟན་འགྲོ་དོན་འཕེལ་བ། ཁྱད་པར་དུ་སྒོ་མེ་ཕྱོགས་ཁ་བཅུ་གཉིས་གཙོ་བྱས་ནས་གངས་ཅན་བོད་པའི་མི་ལ་ན་ཚ་མེད་པ། ཕྱུགས་ལ་གོད་ཁ་མེད་པ། བཏབ་པའི་ལོ་ཏོག་ལེགས་པ། རྒན་གྱི་ཚེ་ཐག་རིང་བ། གཞོན་པའི་འདབ་ལག་རྒྱས་པ་དང་། བཙན་གྱི་རྩེ་མོ་དགུང་ལ་མཉམ་པ། གྲགས་པའི་སྙན་པ་ཕྱོགས་བཅུར་ཁྱབ་པ་སོགས་རང་རང་གི་སྐབས་སུ་བབ་པའི་དོན་དག་གང་ཡོད་ཡུལ་ལྷ་གཞི་བདག་སོགས་ལྷ་ཀླུ་ཀུན་ལ་འཕྲིན་ལས་སུ་བཅོལ་ནས་གྲོལ་ལོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com