ལྷ་སའི་ཀླུ་སྒུག་གཞུང་ངོ་སྤྲོད་བྱེད་པ།

རྩོམ་པ་པོ།:《ལྷ་སའི་གནའ་ཤུལ་ལོ་རྒྱུས་པདྨའི ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-14 12:22:00 ཀློག་གྲངས།:
         ཀླུ་སྒུག་ཅེས་པའི་སྒྲ་འགྱུར་ནས་ཀླུ་སྦུག་ཟེར།  ཀླུ་སྦུག་ནི་ལྷ་སའི་གཙུག་ལག་ཁང་ནས་བྲག་ལྷ་ཀླུ་སྒུག་བར་གྱི་ཐང་ཆེན་ལ་ཟེར།  བརྗོད་སྲོལ་ལ་མ་འོངས་པ་ན་བྲག་ལྷ་ཀླུ་སྒུག་གི་བྲག་ལྡེབས་སུ་ཡོད་པའི་ཇོ་བོ་དེ་འབུར་གཟུགས་ཆ་ཚང་མངོན་སྐབས།  ལྷ་ས་ཆུས་འཇིགས་ནས་བྲག་ལྷ་ཀླུ་སྒུག་ཏུ་ཀླུའི་གཟུགས་ལག་པ་གཡས་པའི་སྦར་མོས་མགོ་བཀབ་ནས་གཙུག་ལག་ཁང་ལ་ཁ་གཏད་ཡོད་པ་ཞིག་ཡོད་པས།  ཇོ་བོ་ཤཱཀྱ་མུ་ནེ་ཀླུ་ཡུལ་དུ་གདན་འདྲེན་ཞུ་རྒྱུར་བྱ་ར་བྱས་ནས་སྒུག་བསྡད་ཡོད་པར་གྲགས།  དུས་རབས་བཅུ་བདུན་པའི་ནང་བཞེངས་པའི་ཀླུ་སྒུག་ནོར་འཛིན་སྐྱེད་ཚལ་ཞེས་པ་དེ་ནི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་རྒྱན་མཆོག་ལྷ་སར་ཕེབས་སྐབས་ཀྱི་བཞུགས་གནས་ཡིན།  ཀླུ་སྒུག་གཞུང་གི་སྤྲང་ཚང་ནི་ད་ལྟའི་མཛའ་གྲོགས་ཐོག་བརྩེགས་ཚོང་ཁང་དེར་ཡོད།
         འདིར་ལྷ་སའི་སྤྲང་པོ་ཉམས་ཐག་མི་ཉུང་བ་ཞིག་སྡོད་པ་དང་།   ཁོ་ཚོར་ཁང་བ་སོགས་གང་ཡང་མེད་སྟབས་རས་གུར་ཐེབས་ཆག་གམ་ས་རྡོ་གང་རུང་གིས་སྐྱོར་སྐྱོར་བཏང་ནས་ཉིན་མོ་སློབ་མོ་དང་མཚན་མོ་འདིར་འཚོ་སྡོད་བྱེད་ཀྱི་ཡོད།  ཀླུ་སྒུག་གཞུང་རྡོ་སེང་གེ་ཡོད་ས་དེར་སྔར་བོད་ས་གནས་སྲིད་གཞུང་གི་རྒྱལ་རྩེ་དམག་སྒར་ཟེར་བ་དེ་ཡོད།  ཀླུ་སྒུག་གི་ལྷོ་ངོས་སུ་ཆིང་རྒྱལ་རབས་སྐབས་ཀྱི་བོད་སྡོད་ཨམ་བན་སོགས་ཞི་དྲག་དཔོན་རིགས་ཀྱི་ལས་ཁུངས་ཡ་མོན་སོགས་ཡོད། བྱང་རྒྱུད་དུ་སྨན་རྩིས་ཀྱི་སློབ་གྲྭ་འགྲོ་ཕན་གླིང་བྱ་བ་ཡོད།  དེ་ཡང་ཐོག་མར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་རྒྱལ་མཆོག་ཉིད་ཀྱི་བླ་སྨན་དངོས་གཞི་བྱམས་པ་ཐུབ་དབང་གིས་གཙོ་བོ་གནང་བ་དང་།  མཁས་དབང་མཁྱེན་རབ་ནོར་བུས་གཙོ་འགན་བཞེས་ཤིང་།  རབ་བྱུང་བཅོ་ལྔའི་མེ་འབྲུག་སྤྱི་ལོ༡༩༡༦ལོར་གསར་འཛུགས་མཛད།   བོད་ལྗོངས་ཀྱི་དབུས་གཙང་དྭགས་ཀོང་སྟོད་སྨད་ཀྱི་རྫོང་གཞིས་དང་།  དགོན་སྡེ་ཁག་སོགས་ནས་ཤེས་ལྡན་གྲྭ་གཞོན་སྐོང་བསྡུ་བྱས་ནས་འདིར་གཙོ་བོ་སྨན་དང་། རྩིས། སྒྲ་རིག་པ།  ཀུན་སྤྱོད་ལ་སོགས་ལེགས་པར་སྦྱངས་ནས་སློབ་འབྲས་ཐོན་རྗེས་རང་གནས་སུ་ལོག་སྟེ་རྐང་འཛིན་གྱི་སྨན་པ་གནང་ཐུབ་པ་མ་ཟད། སློབ་གྲྭ་འདི་དང་ལྕགས་པོ་རི་བོད་སྨན་སློབ་གྲྭ་ཆེན་མོ་ནས་བོད་ཀྱི་གསོ་བ་རིག་པ་མཁས་ཅན་གྲངས་ལས་འདས་པ་ཐོན་ནས་གངས་ལྗོངས་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ཐོག་མཛད་རྗེས་བླ་ན་མེད་པ་བཞག་པ་གནང་ཡོད།  དེ་སྔ་སློབ་གྲྭ་དེར་སློབ་ཁང་ཐོག་གཉིས་པ་དང་།  ཤག་འཁོར་ཐོག་གཅིག་མ། སྔོ་སྨན་འདེབས་འཛུགས་བྱེད་སའི་རྭ་བ།  སྨན་དང་། རྩིས། སྒྲ་རིག་པ་སོགས་ཀྱི་ཕྱག་དཔེ་དང་། པར་ཤིང་།  སྨན་ཐང་སོགས་གསོ་བ་རིག་པའི་མཁོ་ཆས་ཕུན་སུམ་ཚོགས་ལ་ཐུན་མོང་མ་ཡིན་པ་ཡོད། སྨན་རྩིས་ཁང་གི་མདུན་དུ་བོད་ཀྱི་ལོ་རྒྱུས་ཐོག་གློག་བརྙན་ཁང་དང་པོ་བདེ་སྐྱིད་འོད་སྣང་ཟེར་བ་དེ་ཡོད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།