ཁྲི་ཀའི་རི་ཁྲོད་པའི་མཆོད་མེ་ཆེན་མོ་འཕྲང་དམར་ཐིས་བ་དགོན་པ་ནས་སྤེལ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-27 11:17:00 ཀློག་གྲངས།:


རི་ཁྲོད་པ་རྣམས་ཀྱིས་སྤྱོད་གསུང་བའི་ཚུལ།

        དཔྱིད་རླུང་དལ་བུར་ལྡང་ཞིང་ལྗང་མྱུག་གི་དབུ་ལོ་ལྡེམ་པ།མེ་ཏོག་གི་གང་བུ་གྲོལ་ནས། བྱ་བྱེའུ་འབའ་འབུས་གསོན་ཤུགས་ཕྱི་རུ་མངོན་དུས་འདིར། ཁྲི་ཀའི་རི་ཁྲོད་པའི་མཆོད་མེ་ཆེན་མོ་དེ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་སྟག་རིག་ཐིས་བ་དགོན་ནས་བོད་ཟླ2པའི་ཚེས8ནས་ཚེས15ཉིན་བར་གཟབ་རྒྱས་ངང་སྤེལ། 


ལུས་གཙང་སེམས་དག་སྒོས་མཆོད་མེའི་ཞལ་ཕྱེ་བའི་སྐྱེས་པ་རྣམས།

        1958ལོའི་ཆོས་ལུགས་བསྐྱར་དར་གྱི་ཚུན་ཆད་དུ་ཁྲི་ཀ་རྫོང་གི་དགོན་པ་སོ་སོས་རེས་མོས་སྒོས་ཁྲི་ཀའི་རི་ཁྲོད་པའི་མཆོད་མེ་ཆེན་མོའི་ཆོ་ག་སྤེལ་བས་ཡུལ་མདོ་སྨད་དུ་སྙན་པའི་གྲགས་པ་ཕྱོགས་བཞི་རུ་ཁྱབ་ཡོད། ད་ལོར་ཡང་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་སྟག་རིག་སྡེ་བའི་རུ་ཁག་གསུམ་དང་ཨ་སྐོང་། ཁྱོ་ཀྱཱ་བཅས་སྡེ་བ་གསུམ་གྱི་མང་ཚོགས་རྣམ་པས་བསམ་པ་ཡར་སེམས་དང་སྐུད་པ་ཡར་འཁེལ་སྒོས་དམངས་སྒོར་ཁྲི12ལྷག་གི་འགྲོ་སྒོ་ལས་གཞན། ལས་བྱེད་པ་སྦྱིན་བདག་འགའ་དང་ཁྲི་ཀ  གཅན་ཚ། མང་རྫོང་བཅས་ནས་སླེབས་པའི་རི་ཁྲོད་པ30ལྷག་གི་ཐུན་མོང་བའི་གཅིག་མཐུན་གྱི་བསམ་བློ་དཀྱུས་གཅིག་ལ་ཕྱོགས་ནས་ཉིན8ཀྱི་རིང་སྟག་རིག་ཐིས་བ་དགོན་པ་ནས་འདོན་བཅའ་སྒྲུབ་གསུམ་དང་ཕྱག་སྐོར་མཆོད་མེ་སོགས་སྐྱ་སེར་དད་ལྡན་ཕོ་མོ་རྣམ་པའི་རབ་དཀར་དགེ་བའི་སེམས་ལས་ཆོ་ག་བདེ་ལེགས་ངང་སྤེལ། 

ཁྲི་ཀའི་རི་ཁྲོད་པའི་མཆོད་མེ་ཆེན་མོ་འཕྲང་དམར་ཐིས་བ་དགོན་པ་ནས་སྤེལ།
རི་ཁྲོད་པའི་སྤྱོད་གསུང་བ་ལ་ཉན་པའི་དད་ལྡན་སྐྱེས་མའི་ཚོགས།

        དགོན་པའི་དགོན་བདག་དང་སྡེ་བའི་སྡེ་དཔོན་རྣམས་ཀྱི་འོས་འགྲིག་ཅིང་སྤུས་ལེགས་པ། གོ་རིམ་ཞིབ་ཚགས་ལྡན་པའི་སྣེ་ཁྲིད་འོག་རི་ཁྲོད་པ་རྒན་དར་གཞོན་གསུམ་རྣམས་དང་སྡེ་བའི་སྐྱེས་ཕོ་མོ་རྣམས་ཉི་མ་རེ་རེའི་ནམ་གུང་ཆུ་ཚོད་གསུམ་བཞི་ཙམ་ནས་མགོ་བརྩམས་ཏེ། རི་ཁྲོད་པ་རྣམས་ཀྱིས་སྔ་དྲོར་བཅའ་བ་རིམ་གྲོ་སྒྲུབ་བཞིན་མཆོད་པ་མཆོད་བཤགས་དང་ཕྱི་དྲོར་སྤྱོད་གསུང་བའི་ཆོ་ག་སྤེལ་ཅིང་། སྡེ་བའི་སྐྱེས་པ་རྣམས་ཀྱིས་ལུས་གཙང་སེམས་དག་སྒོས་སྒྲོལ་མ་སོགས་ཁ་ཏོན་འདོན་ཞོར་དགོན་པའི་ཕྱོགས་བཞི་བོའི་མཐའ་སྐོར་དུ་ཕྱར་ཁྲའི་ར་བརྒྱབ་ནས་མཆོད་མེ་སྒྲོན་པར་བྲེལ་བ་དང་། སྐྱེས་མ་རྣམས་ཀྱིས་བོད་ལྭ་གྲ་དག་གྱོན། མགོ་བསླེས(ཚགས་བསྟར)ཏེ་ལ་ལས་བརྐྱངས་ཕྱག་འཕེན་པའམ། ལ་ལས་བསྐོར་བ་རྒྱག་པའི་ལས་ལ་བྲེལ། ཉིན་རེར་འཕྲང་དམར་ལུང་ཁོག་གི་སྐྱེས་ཕོ་མོ་རྒན་གཞོན་དང་ཐག་རིང་མགྲོན་པོ་སོགས་ཟམ་མ་ཆད་པར་མཆོད་འབུལ་ཕྱག་བསྐོར་དུ་ཡོང་བ་ལ།  སྡེ་བས་ཀྱང་ཉེ་རིང་གི་མགྲོན་པོ་རྣམས་རང་གི་གྲོགས་ལྟར་བརྩིས་ནས་ཟས་གང་ཞིམ་གྱིས་སྣེ་ལེན་བཟང་བོ་བྱེད།


ངལ་གསོ་ཞོར་བརྐྱང་ཕྱག་ལ་འབད་པའི་མ་སྲུའི་ཚོགས།

        མདོར་ན་ཆོས་ལུགས་ཀྱི་ཆོ་ག་འདིས་མར་གྱུར་སེམས་ཅན་ཐམས་ཅད་འཚེ་མེད་ཞི་བདེ་ཡོང་ཞིང་། ནད་མེད་འཁྲུག་རྩོད་མེད་པ། མཐུན་སྒྲིལ་མཛའ་མཐུན་ཡོང་བ། ཞིང་ཕྱུགས་འཕེལ་ཁ་དར་བ། གདོན་བགེག་བར་ཆད་མེད་པ། འདོད་དོན་ལྷུན་གྱིས་འགྲུབ་པའི་རྒྱུ་རུ་བསྔོ་བ་ཡིན་ནོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།