མི་ཉག་སེང་གེ་དགོན་པའི་ལོ་རྒྱུས་མདོར་བསྡུས།
མི་ཉག་སེང་གེ་དགོན་པའི་ལོ་རྒྱུས་མདོར་བསྡུས།
ཁྱད་ཆོས་ཆེ་བ་དྲུག་དང་ལྡན་པའི་སྔ་འགྱུར་རྙིང་མའི་གདན་ས་བྱུང་ཚུལ་ལ་བསྟན་པ་སྔ་དར་གྱི་སྐབས་སུ་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དང་། བསྟན་པ་ཕྱི་དར་གྱི་སྐབས་སུའང་སྔ་ཕྱི་བར་གསུམ་ལས། སྔ་དར་ཟུར་པ་ཡབ་སྲས་ཀྱི་སྐུ་དུས་གདན་ས་ཆེན་པོ་འུག་པ་ལུང་དང་། བྲག་རྒྱ་བོ། ཤངས་མདའ་དཔལ་ཆེན་ལྷ་ཁང་། གསང་སྔགས་ཆོས་གླིང་སོགས་དང་། བར་དར་རྒྱལ་བསྟན་མེ་རོ་སྨད་ནས་གསོ་བར་ལུང་གིས་གྲུབ་བཞིན་བསྟན་པའི་གཞི་མ་དམ་གཙང་བྱམས་གསུམ་གྱི་སྐུ་དུས་གདན་ས་ཆེན་པོ་དཔལ་རྒྱལ་བ་ཀཿཐོག་རྡོ་རྗེ་གདན། ཕྱི་དར་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་སྟོད་ན་རྡོར་སྨིན་གཉིས། བར་ན་ཞེ་རྫོགས་གཉིས། སྨད་ན་ཀཿདཔལ་གཉིས་ཞེས་ཡོངས་སུ་གྲགས་པ་དང་། གཞན་ཡང་གཏེར་ཆེན་ཉང་གུར་བྱང་གསུམ་སོགས་ཀྱི་གདན་ས་རྣམས་དང་། འཕྲོས་པོ་གཏེར་ཆེན་གྱི་གདན་ས་དཔལ་རི་ཐེག་མཆོག་གླིང་། གསུང་སྤྲུལ་དང་ཐུགས་སྲས་རིམ་བྱོན་གྱི་གདན་ས་ལྷོ་བྲག་ལྷ་ལུང་། ཀུན་མཁྱེན་འཇིགས་གླིང་གི་གདན་ས་ཚེ་རིང་ལྗོངས་སོགས་སྔ་འགྱུར་རྙིང་མའི་རང་ལུགས་འཛིན་པའི་མཁས་གྲུབ་རྣམས་ཀྱི་གདན་ས་ཆེ་ཕྲ་མང་དུ་བཞུགས་པ་ལས། འདིར་སྐབས་སུ་བབས་པའི་འཆད་བྱ་སྔ་འགྱུར་རྙིང་བསྟན་གྱི་ཆུ་མགོ་ལྟ་བུའི་གདན་ས་ཆེན་པོ་དཔལ་རྒྱལ་བ་ཀཿ་ཐོག་རྡོ་རྗེ་གདན་གྱི་དགོན་ལག་བརྒྱ་ལྷག་མཆིས་པའི་ནང་གསེས་ཁམས་མི་ཉག་སེང་གེ་དགོན་པ་ནི། བསིལ་ལྡན་བོད་ཀྱི་ཞིང་ཁམས་འདིར་སྟོད་ན་མངའ་རིས་སྐོར་གསུམ་དང་བར་ན་དབུས་གཙང་རི་བཞི་སྨད་ན་མདོ་ཁམས་སྒང་དྲུག་ཡོད་པའི་ཐ་མའི་ནང་ཚན་མི་ཉག་རབ་སྒང་གི་ཆར་གཏོགས། གངས་རི་བཞག་བྲའི་མདུན་ཞོལ་དུ་གནམ་ལ་འཁོར་ལོ་རྩིབས་བརྒྱད་དང་། ས་ལ་པདྨ་འདབ་བརྒྱད། ལོགས་ལ་བཀྲ་ཤིས་རྟགས་བརྒྱད། རྒྱབ་རི་སེང་གེ་དཀར་མོ་གནམ་དུ་མཆོང་འདྲ་ལ་རྩི་ཤིང་སྨན་སྤོས་དུ་མས་མཛེས་པར་སྤྲས་པ། མདུན་རི་གླང་ཆེན་གྱེན་འགྲོ་ལ་ནགས་ཚལ་དཔལ་གྱི་གོ་ཆས་བརྒྱན་པ། ཕྱོགས་མཚམས་ཀུན་ལ་ནེའུ་གསེང་དང་མེ་ཏོག་རྣམ་པར་བཀྲ་ཞིང་བྱ་བྱེའུ་ཚོགས་ཀྱིས་སྙན་དབྱངས་སྒྲོགས་ས། དྭངས་གཙང་ཡན་ལག་བརྒྱད་ལྡན་གྱི་ལྷ་ཆབ་དལ་གྱིས་བཞུར་བ་སོགས་ཡིད་མཐུན་དགེ་བའི་མཚན་རྟགས་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་ནི་ཇི་སྐད་དུ། ཐང་ཡིག་ལས། རི་རྡོ་རྗེ་དགུ་བརྩེགས་འདུག་པ་བཀྲ་ཤིས་གནས། །བྲག་སེང་གེ་རྒྱབ་བསྣོལ་འདུག་པ་བཀྲ་ཤིས་གནས། །རྩྭ་མེ་ཏོག་གླིང་ཚལ་འདུག་པ་བཀྲ་ཤིས་གནས། །ཞེས་པ་ལྟར་བཀྲ་ཤིས་དགེ་མཚན་དུ་མས་ཕྱུག་ཅིང་། གཞན་ཡང་ཤར་གྱི་འགྲོ་ལམ་སྟག་སྐྱ་བོ་ལ་ས་མདས་མ་བཅད་པ། ལྷོ་ཡི་གཙང་ཆབ་གཡུ་འབྲུག་སྔོན་མོ་དོང་དུ་མ་ལྷུང་བ། ནུབ་གྱི་ནགས་ཚལ་རྨ་བྱ་རྒྱལ་མོ་རྙི་ཡིས་མ་ཟིན་པ། བྱང་གི་རྫ་བྲག་རུས་སྦལ་རྒྱལ་པོ་འདམ་དུ་མ་ཟུག་པ་སྟེ་ས་ཡི་སྲུང་བཞི་དང་ས་ཡི་ཀ་བཞི་སོགས་ཕུན་སུམ་ཚོགས་པའི་ས་དཔྱད་རྣམས་ཡོངས་སུ་ཚང་ཞིང་། རྟ་མདུན་དབང་པོ་འཆར་སྔ་ལ་ནུབ་འཕྱི་བ་བསིལ་བུ་རླུང་གི་རྒྱུ་བ་འཇམ་པ་སོགས་དབེན་གནས་ཀྱི་ཡོན་ཏན་མ་ཚང་བ་མེད་པའི་ས་ཆ་དེར་གནས་མཆོད་དཔལ་གྱི་མེ་ཏོག་ལས། ཁྱད་པར་ལྷ་ལུང་དཔལ་གྱི་རྡོ་རྗེ་དང་། །བ་གོར་ལོ་ཙྭ་བཻ་རོ་ཙ་ན་ཡིས། །མི་ཉག་འཁོར་ལོ་ལྔ་ལྡན་གནས་མཆོག་གི །གནས་དང་གནས་ལག་སོ་སོར་སྒྲུབ་གནས་བཀོད། །ཡོན་ཏན་དབེན་གནས་རྫ་རི་ལུང་གསུམ་གནས། །དཔལ་གྱི་རྡོ་རྗེ་འཇམ་དཔལ་ལུང་དུ་བསྟན། །བསྐལ་བའི་བར་ལ་དཔལ་གྱི་སེང་གེའི་སྤྲུལ། །གྲུབ་པཎ་སིང་ཧ་དྷརྨའི་མཚན་ཅན་གྱིས། །བྱིན་གྱིས་བརླབས་ནས་སེང་གེ་རྫོང་ཞེས་གསོལ། །གཞན་ཡང་གྲུབ་ཆེན་ཀརྨ་པཀྵི་དང་། །རྒྱལ་ཚབ་གྲུབ་ཐོབ་གཏེར་སྟོན་གང་བྱོན་པའི། །ཞབས་བཅགས་དབེན་གནས་སྒྲུབ་རིར་མངའ་གསོལ་ཞིང་། །མཆོད་པའི་རྟེན་དང་མགོན་སྐྱབས་ལྷ་རུ་བཀོད། །ཞེས་པ་བཞིན་དུས་རབས་བརྒྱད་པའི་སྐབས་སུ་ལྷ་ལུང་དཔལ་གྱི་རྡོ་རྗེས་སྒྲུབ་གནས་མཛད་དེ་ཐོག་མར་དགོན་པའི་ས་གནས་ཀྱི་ཕྱག་བཏབ།
གནས་དེར་རྡོའི་སེང་གེ་རང་བྱུང་དང་། མཁའ་འགྲོ་རྡོ་རྗེ་ཕག་མོའི་ཕྱག་མཚན་གྲི་གུག་དང་ཆོས་འབྱུང་། བཀའ་གདམས་མ་ནྀ་རང་བྱུང་རྣམས་བྱོན་ཚུལ་ལེགས་པར་བསྟན་ཏེ་གནས་སྒོ་ཕྱེས། རྒྱབ་རི་སེང་གེ་དགུང་ལ་མཆོང་འདྲ་ཡོད་པས་འདྲ་བ་རྒྱུ་མཚན་དུ་བྱས་ནས་དབེན་གནས་སེང་གེ་འགྱིང་རྫོང་ཞེས་མཚན་གསོལ། དུས་ཡུན་མི་རིང་བ་ཞིག་ལ་ལྷ་མཆོག་འཇམ་དཔལ་དཔའ་བོའི་བསྙེན་པ་བསྒྲུབས་ནས་ཞལ་གཟིགས་ལུང་བསྟན་ཐོབ་པ་སོགས་གྲུབ་རྟགས་རྨད་དུ་བྱུང་བ་མང་པོ་བརྙེས། སྐལ་བཟང་གི་སྐྱེ་བོ་འགའ་ལ་དམ་པ་ཆོས་ཀྱི་གདམས་ངག་ཅི་རིགས་བསྩལ་ཏེ་གནས་དེར་ལྟ་སྒོམ་སྤྱོད་གསུམ་གྱི་ཉམས་ལེན་ལ་འབུངས་ནས་བཞུགས་སུ་བཅུག ཕྱིས་སྤྱི་ལོ༡༢༥༤པའི་སྐོར་ལ་ཀརྨ་པ་དུས་གསུམ་མཁྱེན་པའི་ཡང་སྲིད་དེ་མ་ཐག་པ་ཀརྨ་པཀྵི་རིན་པོ་ཆེས་གནས་དེར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ནས་ཆོས་རྒྱུད་བཀའ་བརྒྱུད་པའི་དགོན་པ་ཞིག་བཏབ། ནང་རྟེན་དུ་ཀརྨ་པ་དུས་གསུམ་མཁྱེན་པའི་སྐུ་འདྲའི་གཙོས་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། ཡུལ་ཕྱོགས་འདིའི་སྐྱེ་བོ་མི་ཉུང་བ་ཞིག་ལ་ཁོང་གིས་མན་ངག་གི་ཉིང་བཅུད་མཐའ་ཀླས་པ་གསུངས་ནས་མཁས་ཤིང་གྲུབ་པའི་གང་ཟག་མང་དུ་བྱུང་ཞིང་། ཨ་རི་ཡོན་ཏན་གྲགས་ཞེས་པ་དགོན་པའི་བསྟན་བདག་ཏུ་བསྐོས་པ་སོགས་བཀའ་བརྒྱུད་གསེར་ཕྲེང་དུ་གསལ་བར་ཐོས་ཀྱང་ཡིག་ཆ་ལག་ཏུ་མ་སོན་ལ། ལྷོ་རོང་ཆོས་འབྱུང་ལས། མི་ཉག་ཨ་རི་ཡོན་ཏན་གྲགས་ཀྱིས་སེང་གེ་དགོན་བཟུང་། སག་གི་ཁ་སྟོད་པ་སུམ་ཚུག་གི་དགོན་པ་བཏབ་ནས་ད་ལྟའི་བར་དུ་གདན་སའི་རིམ་པ་དར་རྒྱས་ལེགས་པོ་ཡོད། ཞེས་གསུངས། གཞན་ཡང་ལྷོ་རོང་ཆོས་འབྱུང་གི་ཀརྨ་པཀྵིའི་ལོ་རྒྱུས་གླེང་བའི་སྐབས་སུ། དེ་ནས་བུ་འཁོར་ནས་རབ་སྒང་བར་དུ་བྱོན་ནས་སེང་གེ་དགོན་བཏབ་ཅེས་གསུངས་ཤིང་ཁོང་གིས་བཞེངས་བའི་དགོན་ཤུལ་དང་སྒྲུབ་པ་བ་བརྒྱ་ཕྲག་ལྷག་བཞུགས་པའི་སྒྲུབ་ཁང་གི་ཤུལ་རྣམས་ད་ལྟ་གནས་འདིར་མཇལ་དུ་ཡོད། དེ་ནས་རབ་བྱུང་དྲུག་པའི་ལྕགས་བྱི་ལོ་སྟེ་སྤྱི་ལོ༡༣༦༠པར་ཀརྨ་པའི་སྐུ་ཕྲེང་བཞི་པ་རོལ་བའི་རྡོ་རྗེ་གནས་དེར་བྱོན་ཞིང་སྒྲུབ་གནས་ལྷ་ཁང་དང་བཅས་པར་རྟེན་བཞུགས་རབ་གནས་སོགས་ཕུན་སུམ་ཚོགས་པར་མཛད་པ་ནི་ཚལ་བ་ཀུན་དགའ་རྡོ་རྗེས་བརྩམས་པའི་དེབ་ཐེར་དམར་པོ་ལས། ཆོས་རྗེ་བ་རིན་གླིང་ནས་སེང་གེ་དགོན་དུ་རབ་གནས་ལ་བྱོན། དེ་ནས་འབོ་གངས་དཀར་ལ་འབྱོན་པ་ཡོད་ཅེས་གསུངས་པ་ལྟར་རོ༎ དེ་ནས་ཀརྨ་པའི་སྐུ་རབས་རིམ་བྱོན་མི་ཉག་གི་ཕྱོགས་སུ་ཞབས་ཀྱིས་བཅགས་ཚད་དགོན་པ་དེར་རྟེན་བཞུགས་རབ་གནས་སོགས་མཛད་དུ་བྱོན་ཤས་ཆེ་སྟེ། དགོན་པ་དེ་ཀརྨ་པ་སྐུ་ཕྲེང་གཉིས་པ་སྐུ་དངོས་ཀྱིས་བཏབ་ཅིང་མིང་ལའང་པཀྵི་དགོན་པའམ་ཝག་ཤི་དགོན་པ་ཞེས་གྲགས་ལ། དགོན་པའི་བསྟན་བདག་སོགས་ཀརྨ་པའི་སྐུ་རིམ་རྣམས་ཀྱིས་ཐུགས་ཁུར་བཞེས་ནས་བསྐོས་བཞག་སོགས་མཛད་དགོས་པས་སོ།།
ཡིན་ནའང་དཔྱད་གཞིའི་ཡིག་ཆ་ཁུངས་ཐུབ་པ་མ་རྙེད་མོད་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོ་ཚང་རབ་བྱུང་བརྒྱད་པའི་ས་གླང་ལོ་སྟེ་སྤྱི་ལོ༡༤༦༩པར་གདན་ས་འདིར་ཕེབས་པ་ནི། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ཨ་རི་དགོན་དང་ཝག་ཤི་སེང་གེ་དགོན་རྣམས་སུ་གཟིམས་གུར་ལ་འཇའ་ཀ་བ་ལྟ་བུ་ཟུག་ཅིང་མེ་ཏོག་ལང་ལོང་དུ་བྱུང་ཞེས་སོགས་གསུངས་པས་རྟོགས་ཐུབ། དེ་དག་གི་དུས་སུ་ཆོས་རྒྱུད་བཀའ་བརྒྱུད་པས་གདན་ས་གཙོ་ཆེར་བསྐྱངས་ནས་གཞན་ད་དུང་རྨ་སེ་སྟོན་པ་དང་། ཀ་བཞི་བ་རིག་པའི་སེང་གེ ཕྱུག་མོ་སྟོན་པ་གཞོན་ནུ་དཔལ། བྱམས་གསར་བ། རྒྱལ་བ་རིན་ཆེན་སོགས་མི་ཉག་ཕྱོགས་སུ་བྱོན་པའི་སྐྱེས་ཆེན་དུ་མས་བྱིན་རླབས་དང་སྒྲུབ་གནས་སོགས་མཛད་དོ༎ ཕྱིས་སུ་སོག་ཨོ་རོད་ཚོ་བཞིའི་དམག་ངན་མཚོ་སྔོན་དང་ཁམས་ཕྱོགས་སོགས་སུ་བཙན་འཛུལ་བྱས་ཤིང་རྗེས་འཇང་ཡུལ་དུ་འཛུལ་བའི་སྐབས་སུ་ཤར་མི་ཉག་རིང་མོར་ཐེངས་མང་འཛུལ་ཏེ་གྲོང་ཚོ་མང་པོ་གསོད་སྲེག་འཕྲོག་གསུམ་གྱིས་རྩ་བརླགས་དང་། མི་ཉག་གི་ཀར་བསྟན་མ་ལུས་དམིགས་མེད་དུ་བརླགས་ཞེས་མཁས་དབང་མི་ཉག་མགོན་པོས་གསུངས་པ་ལྟར་སོག་པོའི་དམག་ངན་གྱིས་ཁམས་ཕྱོགས་ཀྱི་བཀའ་བརྒྱུད་པའི་དགོན་པ་ཡོངས་རྫོགས་ལ་ཆག་འཇིག་བཏང་བས་རེ་ཞིག་གི་བར་གདན་ས་འདི་ཉིད་ཀྱང་དམ་པ་ཆོས་ཀྱི་སྒྲོན་མེ་མུན་འོབས་སུ་ནུབ་སྟེ་ལུས། རབ་བྱུང་བཅུ་བཞི་པའི་ས་མོ་བྱ་ཡི་ལོ་སྟེ་སྤྱི་ལོ༡༨༤༩ལོར་གནས་དེར་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་འཁོར་དང་བཅས་པ་ཕེབས་ཏེ་སྒྲུབ་གནས་དང་བྱིན་རླབས་སོགས་མཛད་ནས་ལོ་ཤས་བཞུགས་ཤིང་ཐུགས་ཐིག་རྣམ་གསུམ་གཏན་ལ་ཕབས་པ་དང་། ལས་ལྡན་གྱི་སློབ་མ་འགའ་དང་གངས་དཀར་གནས་བདག་སོགས་དངོས་མེད་ཀྱི་འགྲོ་བ་རྣམས་ལ་རིག་འཛིན་ཐུགས་ཀྱི་ཐིག་ལེའི་ཆོས་འཁོར་བསྐོར་ནས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེའི་འཕྲོ་མཐུད་མཛད། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོ་ཞལ་ལུང་ལས། མི་ཉག་སྨད་ཕྱོགས་ཀྱི་རྟེན་འབྲེལ་མི་འཆུགས་ཙམ་དུ་སེང་གེ་རིར་ཕྱིན། དེར་གངས་དཀར་སོགས་དངོས་མེད་རྣམས་ལ་རིག་འཛིན་ཐུགས་ཀྱི་ཐིག་ལེའི་ཆོས་འཁོར་བསྐོར་ཞིང་། མ་འོང་པ་ན་རྟེན་འབྲེལ་འཕྲོ་མཐུད་ཡོད་པར་བྱས། ཐུགས་ཐིག་རྣམ་གསུམ་གཏན་ལ་དབབ་པ་དང་། ངེད་ཅག་མིང་སྲིང་གི་ཚེ་གེགས་བཟློག་པ་བཅས་ཀྱི་ལེགས་པའི་རྟེན་འབྲེལ་ཡང་འགྲིགས། ཞེས་གསུངས་སོ༎ དེ་ནས་འོད་གསལ་ལྷ་ཡི་གདུང་རྒྱུད་དཔལ་ལྡན་ས་སྐྱ་པའི་རྒྱུད་ལས་ཆད་པ་སོག་པོ་དཔལ་གྱི་ཡེ་ཤེས་ཀྱི་རྣམ་རོལ་འགྲོ་མགོན་འཇའ་ཚོན་སྙིང་པོའི་ཐུགས་སྲས་དྷརྨ་བཛྲ་མཆོག་ལ་བླ་སྤྲུལ་དང་གཏེར་སྟོན་མང་པོས་གཏེར་ཆེན་ཁྱེད་ཀྱིས་དགོན་པ་ཞིག་ལ་བརྟེན་ནས་ཟབ་ཆོས་མཐའ་དག་ཡུན་དུ་གནས་པ་ཞིག་བྱེད་དགོས་ཞེས་ཡང་ཡང་བསྐུལ་བ་ལྟར། རྫོགས་ཆེན་མི་འགྱུར་ནམ་མཁའ་རྡོ་རྗེའི་མདུན་དུ་བྱོན་ནས་རང་དགོན་པ་ཞིག་ལ་བརྟེན་དགོས་པས་སྡེ་དགེ་དང་། ལི་ཐང་། ལྕགས་ལའི་ས་ཕྱོགས་སོགས་གང་དགའ་ཞེས་ཐུགས་བརྟགས་ཞུས་པས་ལྕགས་ལའི་ས་ཕྱོགས་དགའ་གསུངས། ཡང་བསྐྱར་ལྕགས་ལའི་ས་ཕྱོགས་སུ་སྒྲུབ་གནས་མཛད་ན་བྲག་མཁར་དང་། ཕག་མོ་རི། ལྔ་བརྩེགས། ཐང་རྒྱལ་ལྷ་ཁང་། བྱ་རྒོད་ཆུ་མིག བཞག་བྲ། སེང་དགོན། ལྷ་སྒང་རི་ཁྲོད་སོགས་གང་དུ་བསྡད་ན་ལེགས་ཞེས་ཞུས་པར། རྩ་གསུམ་དཔའ་བོ་མཁའ་འགྲོར་གུས་འདུད་དོ། །དམ་པའི་རྣལ་འབྱོར་བཞུགས་གནས་སེང་གེ་རི། །རི་ཁྲོད་བརྟེན་པ་འཕྲལ་ཕུགས་དགེ་ལྟས་ཤར། །ཞེས་དང་། རྩ་གསུམ་དཔའ་བོ་མཁའ་འགྲོས་བྱིན་གྱིས་རློབས། །རྩ་གསུམ་བསྒྲུབ་པའི་གནས་ནི་སེང་གེའི་དགོན། །ཐེག་པ་ཆེན་པོའི་ང་རོ་སྒྲོགས་པ་དང་། །འདྲེ་གདོན་ནུས་སྟོབས་དྲག་པོའི་སྔགས་ཀྱིས་བཟློག །ཤར་ལྷོ་མཚམས་ནས་བདུད་ཀྱི་ནུས་པ་ཡི། །མེ་འབར་རྨ་བྱའི་མདོངས་དང་མ་ཉེ་བར། །ཧ་ལའི་ཟས་ཀྱིས་འཇའ་ཚོན་ཐིག་ལེ་བཀྲ། །བྱི་བའི་རིན་ཆེན་ནོར་བུ་ཁྱི་ཕག་ནས། །མདུན་དུ་བཞག་ལ་ཕྲེང་བའི་མགུལ་རྒྱན་མཛོད། །བྱི་བའི་རིལ་མ་གསེར་འདྲ་སྤུངས་པ་ལ། །མེ་ལྷའི་མེ་སྟག་ཚ་ཚྭ་མཆེད་པའི་དུས། །ཚེར་མའི་འཁྲི་ཤིང་གཞོབ་ཐུལ་བསྲེག་པ་འོང་། །པད་འབྱུང་སྒྲུབ་གནས་སྦས་ཡུལ་འགྲིམ་པར་མཛོད། །གཤིན་རྗེའི་ཆིབས་པ་རྭ་ཅན་ཁོང་ཁྲོ་ལངས། །བྱང་ཆུབ་སྤྱན་གཟིགས་སྙིང་རྗེའི་སྟོབས་ཀྱིས་འདུལ། །ཨོ་རྒྱན་ཆེ་མཆོག་གང་དེས་སྨྲས་པ་དགེ །ཞེས་ལུང་བསྟན་པ་ལྟར་སྤྱི་ལོ༡༨༥༢པ་སྟེ་རབ་བྱུང་བཅུ་བཞི་པའི་ཆུ་ཕོ་བྱི་བའི་ལོ་ནས་སྔོན་གྱི་བཀའ་བརྒྱུད་པའི་ལྷ་ཁང་ཞིག་རལ་རྣམས་སླར་གསོ་བྱས་ཏེ་རིམ་པར་ཁང་ཐོག་གཉིས་པའི་ལྷ་ཁང་ཞིག་ཀྱང་བཞེངས། དེ་ནས་གཏེར་ཆེན་དེ་ཉིད་ལྕགས་ལ་རྒྱལ་པོའི་དབུ་བླར་གྱུར་ནས་ཐོབ་ཐང་ཀུན་ཀྱི་ཆེ་བའི་རྟགས་སུ་དགོན་པའི་སྟེང་དུ་གསེར་གྱི་རྒྱ་ཕིབས་ཤིན་ཏུ་མཛེས་པ་ཞིག་རྒྱལ་པོ་དེ་ཉིད་ཀྱི་རོགས་རམ་དང་བཅས་ལེགས་པར་བཙུགས། དེ་ནས་བཟུང་དགོན་པ་འདི་ཆོས་རྒྱུད་རྙིང་མ་བ་ཀཿཐོག་དགོན་པའི་བུ་དགོན་དུ་གྱུར། དགོན་པའི་ནང་དུ་སྒྲུབ་མཆོད་མང་དུ་འཚོགས་ཤིང་ཁྱད་པར་དགུན་གྱི་དུས་སུ་རྩ་རླུང་དང་ཕྱག་རྫོགས་དབུ་གསུམ་སོགས་ཁྲིད་སྦྱོང་ཉམས་ལེན་ཡོད་པའི་བླ་མ་འོད་གསལ་རྡོ་རྗེ། མདོ་སྤྲུལ་ཅོག་སྟེང་། མཁར་བ་སྤྲུལ་སྐུ། ལྔ་བརྩེགས་བླ་མ་སོགས་རང་སློབ་བདུན་ཅུ་ཙམ་དང་བཅས་དེར་བཞུགས་པའི་ཆོས་ཞུ་བ་སུམ་བརྒྱ་ནས་ལྔ་བརྒྱའི་བར་ལོ་ལྟར་དུ་འདུས་པ་བྱུང་། དབང་སྐུར་གྱི་དུས་སུ་འདུས་པ་སྟོང་ཕྲག་ལྔ་ལྷག་བྱུང་། དེ་ལྟ་བུ་ཁམས་མི་ཉག་ཕྱོགས་ནས་ཆེ་དགུའི་གཙུག་རྒྱན་དུ་གྱུར་ཚུལ་མང་ཡང་འོག་ཏུ་གདན་རབས་འགོད་པའི་སྐབས་སུ་འཆད་པར་འགྱུར་རོ།།
གཏེར་ཆེན་དམ་པ་དེའི་སྲས་ཆེ་བ་རྨོག་སྤྲུལ་སྐལ་བཟང་དབང་རྒྱལ་མཆོག་གདན་ས་ཀཿཐོག་ཏུ་ཕེབས་ནས་ཐོས་བསམ་སྒོམ་པའི་ལམ་དུ་ཞུགས་ཀྱང་འཁོར་ལོ་གསུམ་གྱི་མཛད་པ་རྣམས་རྟེན་འབྲེལ་མཐའ་ཅན་གྱུར་ལ། སྲས་གཉིས་པ་མཁས་གྲུབ་གཉིས་ལྡན་དུ་གྱུར་བའི་སྲོང་བཙན་དཔལ་གྱི་རྡོ་རྗེས་ཡབ་རྗེ་དམ་པ་ཁྲོ་ཟུར་རྒྱལ་སྲས་མཆོག་གི་གཏེར་ཆོས་རྣམས་ལ་ཆོག་སྒྲིགས་དང་སྔོན་འགྲོ་རྩ་རླུང་སོགས་ལ་འགྲེལ་བ་བརྩམས་ནས་རྒྱུན་དར་སྤེལ་གནང་བ་དང་། དགོན་པ་སླར་གསོ་དང་གསེར་ཟངས་ཀྱི་འདྲ་སྐུ་སོགས་བརྗོད་ཀྱིས་མི་ལང་བའི་སྐུ་གསུང་ཐུགས་རྟེན་མང་པོ་ཕྱག་བཟོ་གནང་། སྲས་གསུམ་པ་རིགས་ལྡན་བདེ་བའི་རྡོ་རྗེ་བསྟན་པའི་བདག་པོར་བསྐོས་ཀྱང་གདུལ་བྱ་བསོད་ནམས་དམན་པས་སྐུ་ན་ཆེར་མ་སོན་པར་ཞིང་གཞན་དུ་གཟིགས། དེ་ནས་སྲས་ཆུང་བ་རིག་འཛིན་བདུད་འདུལ་རྡོ་རྗེས་གདན་སའི་མཐིལ་བཟུང་ནས་ལོ་ཤས་བཞུགས། སྤྲུལ་སྐུ་དེ་རྣམས་ཀྱི་རིང་ལ་མི་ཉག་ཕྱོགས་ནས་བྲག་མཁར་དགོན་དང་བ་གནས་དགོན་ལྔ་བརྩེགས་ཕྱོགས་ནས་དགོན་པ་རེ་འགའི་མ་དགོན་དུ་གྱུར་བ་སོགས་དགོན་པའི་མངའ་ཐང་དང་ཁྱབ་རྒྱ་བླ་ན་མེད་པར་གྱུར་ཞིང་ཉག་རོང་ཕྱོགས་ནས་དགོན་ཁག་མང་པོའི་སྒྲུབ་མཆོད་ལྷ་འཆམ་སོགས་དགོན་པ་འདི་ཡི་ཆོས་རྒྱུན་ལྟར་གྱུར་པ་ད་ལྟའང་མ་ཉམས་པར་ཡོད། དེ་ནས་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་རིན་པོ་ཆེས་གནས་དེར་ཐུགས་རྟེན་བྱང་ཆུབ་མཆོད་རྟེན་ཐོག་བརྩེགས་གཉིས་ལས་མཐོ་བ་ཞིག་བཞེངས་པ་དང་ཚོགས་འཁོར་དང་མཆོད་པ་རྒྱ་ཆེན་པོ་ཕུལ་ནས་བཞུགས་པ་སོགས་དམ་པ་དེ་ཉིད་ཀྱི་རྣམ་ཐར་ལས་གསལ། སྤྱི་ལོ༡༩༡༤ལོར་སྲས་སྲོང་བཙན་དཔལ་གྱི་རྡོ་རྗེའི་ཡང་སྲིད་གཡོན་རུ་བཞད་པ་རྡོ་རྗེ་མངའ་གསོལ་བྱས་པ་ནས་བཟུང་ཁོང་གི་གདན་སའི་འགན་གཙོ་བོར་བཟུང་སྟེ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་མཁན་ངག་གི་དབང་པོ་གཉིས་ཀྱི་ཞལ་བཀོད་ལྟར་དགོན་པའི་ཁ་ལྷོར་བསྐོར། རྒྱ་ཕིབས་དང་བཅས་སླར་གསོ་ལེགས་པོར་མཛད་ནས་རྟེན་གསུམ་རིན་ཐང་བྲལ་བ་མང་པོ་སྤྱན་དྲངས། ཁྱད་པར་རབ་བྱུང་ངུར་སྨྲིག་གི་སྡེ་གསར་དུ་བཙུགས་པས་བཤད་སྒྲུབ་ཀྱི་བསྟན་པ་ཆེས་ཆེར་གསལ་བར་མཛད། གཞན་ཡང་སྒ་བསྟན་པའི་རྒྱལ་མཚན། ཁྲི་རྒན་ཆོས་དབྱིངས་རྡོ་རྗེ། ཝ་ཤུལ་རྡོ་རྗེ་སྲུང་། འོད་དཀར་སྤྲུལ་སྐུ། རྡོ་ཞི་སྤྲུལ་སྐུ། མཁན་ཆོས་རྗེ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་མང་དུ་བྱོན་ཀྱང་ཕལ་ཆེ་བ་ཞིག་གི་རྣམ་ཐར་དཔྱད་གཞི་ཙམ་ཡང་མ་རྙེད་པས་སྐྱུར་དགོས་བྱུང་ལ། ལོ་རྒྱུས་དཔྱད་གཞི་ཙམ་རྙེད་པ་རྣམས་འོག་གི་གདན་རབས་སོགས་ཀྱི་སྐབས་སུ་འགོད་པར་འགྱུར་བས་དེར་གཟིགས་པར་འཚལ། དེ་ནས་དུས་འགྱུར་གྱི་རླུང་ནག་རབ་ཏུ་འཁྲུགས་པས་རྟེན་བརྟེན་པ་ཡོངས་རྫོགས་ལ་ཆག་འཇིག་བྱུང་ཞིང་དགོན་པ་མེར་བསྲེགས་ཏེ་ཞིག་རལ་ཏུ་གྱུར་ནས་ལོ་ཤས་ལུས། སླར་རྒྱལ་བསྟན་འོད་སྣང་དཀར་པོ་དལ་གྱིས་འགྱེད་པའི་སྤྱི་ལོ༡༩༨༤པར་ཁྲོ་ཟུར་རྡོ་རྗེ་བདུད་འདུལ་གྱི་ཡང་སྲིད་དམ་པ་པདྨ་འགྱུར་མེད་རྒྱ་མཚོས་ཐུགས་བཀོད་བཞིན་རྟ་ཤུལ་མཁན་པོ་བསོད་ནམས་ཚེ་རིང་སོགས་ཁྲོ་ཟུར་ནགས་ལུང་མའི་ཡུལ་དགོན་རྣམས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་གཙུག་ལག་ཁང་གི་ཕྱི་ཁོག་དང་། ནང་གི་ལྡེབས་རིས་སོགས་གྱ་ནོམ་པར་བསྒྲུབས་ཏེ་ད་ལྟའི་བར་དུ་བྱིན་རླབས་ཀྱི་གཟི་འོད་འཕྲོ་བཞིན་གནས་ཡོད།
དགོན་པ་འདིའི་ནང་རྟེན་གྱི་སྐོར་ནི་སྐུ་རྟེན་ལ་དུས་གསུམ་སངས་རྒྱས། པདྨ་འབྱུང་གནས། རྟ་མགྲིན། གནས་བརྟན་བཅུ་དྲུག རྒྱན་དྲུག་མཆོག་གཉིས། མཁན་སློབ་ཆོས་གསུམ། གངས་ལྗོངས་འཇམ་དབྱངས་རྣམ་གསུམ་སོགས་འཇིམ་བཟོས་ཀྱི་ལྷ་བདུན་ཅུ་ལྷག་དང་གུ་རུའི་ཐང་མོ་ཆེ་བཅས་དང་ཐང་ཀ་བརྒྱ་ལྷག་མཆིས་ཤིང་། གསེར་ཟངས་ལས་གྲུབ་པའི་ཇོ་བོ་མི་ཚད་མ་སོགས་འཛམ་གླིང་གཡས་བཞག་གི་གསེར་སྐུ་བྱིན་རླབས་དང་ལྡན་པ་བརྒྱ་ཕྲག་ལྷག་བཞུགས། གསུང་རྟེན་ལ་རྒྱལ་བའི་བཀའ་འགྱུར་ཚར་གསུམ། བསྟན་འགྱུར་ཡོངས་རྫོགས། ཀློང་ཆེན་བཀའ་འབུམ། སྙིང་ཐིག་ཡ་བཞི། འཇིགས་གླིང་བཀའ་འབུམ། རིན་ཆེན་གཏེར་མཛོད་ཆ་ཚང་། བདུད་ཀློང་ཟུང་གི་གཏེར་ཆོས་ཡོངས་རྫོགས། བཀའ་གདམས་ཆོས་སྐོར། དཔལ་སྤྲུལ་བཀའ་འབུམ། མི་ཕམ་བཀའ་འབུམ། ཁྲོ་ཟུར་ཡབ་སྲས་རྣམས་ཀྱི་གཏེར་ཆོས་ཡོངས་རྫོགས་སོགས་བཀའ་བསྟན་དཔེ་ཚོགས་དུ་མ་བཞུགས། ཐུགས་རྟེན་ལ་གཡོན་རུ་སྤྲུལ་སྐུའི་གདུང་འཚོབ་གསེར་གྱི་མཆོད་རྟེན། ཅོག་སྟེང་སྐུ་གདུང་གསེར་དངུལ་ལས་གྲུབ་པ། མདོ་མིང་གུ་རུ་དཔལ་ལྡན་གྱི་གདུང་རྟེན་གསེར་ཟངས་ལས་གྲུབ་པ། རྡོ་ལས་གྲུབ་པའི་པདྨ་འགྱུར་མེད་རྒྱ་མཚོའི་སྐུ་གདུང་ཐོག་བརྩེགས་གཉིས་ཅན་སོགས་ཐུགས་རྟེན་རྣམས་དང་། གཞན་ཡང་རོལ་མོའི་སྐོར་སོགས་གནའ་དེང་གི་མཆོད་རྫས་སྤུས་ལེགས་པ་མང་པོ་དང་། ཡིག་བརྒྱ་དང་ས་ཏྭ། མ་ཎི། ཕུར་བསྙེན། ཨ་ར་པ་ཙ། སིདྡྷི་སོགས་ཀྱི་དུང་འཁོར་དང་། པར་ཤིང་གི་སྐོར་དུ་མ་བཅས་བཞུགས་པ་ལགས་སོ།།
དགོན་པ་འདིའི་དུས་མཆོད་ནི་སྤྱི་གཉེར་པས་འགྲོ་གྲོན་ཡོངས་རྫོགས་བཏང་ཏེ་ཟླ་བ་གསུམ་པའི་ཚེས་བཅུ་བཞི་ནས་བསྙུང་གནས་དང་། དོང་སྤྲུག ཐོས་གྲོལ། རྟ་མགྲིན་གསང་འཁོར་སོགས་དབྱར་གྱི་སྒྲུབ་མཆོད་འཚོགས་ནས་ཟླ་བཞི་པའི་ཚེས་བརྒྱད་ལ་ལས་བཞིའི་སྦྱིན་སྲེག་དང་། ཚེས་དགུ་ལ་དཔལ་རྟ་མགྲིན་གསང་འཁོར་གྱི་དམར་འཆམ། ཚེས་བཅུ་ལ་འབག་འཆམ། ཚེས་བཅུ་གཅིག་ལ་ཐུགས་རྟེན་རབ་རྒྱས་འཚོགས་ནས་དགྲ་ལྷའི་བསང་འཆམ་དང་མར་མེ་སྨོན་ལམ། རྡུལ་ཚོན་ཆུ་གཤེགས་བཅས་མཐར་ཕྱིན་པར་བྱ་ཞིང་། ཚེས་བཅུ་གཉིས་ལ་རྒན་མགྲོན་བྱས་ཏེ་ལོ་ཕྱི་མའི་དགོན་པ་སྤྱིའི་ལས་གཉེར་བ་སོགས་བསྐོས་བཞག་བྱ་ནས་མཇུག་དྲིལ། ཟླ་དྲུག་པའི་ཚེས་དྲུག་ཉིན་ནས་སྡེ་བ་སྤྱིའི་སྲུང་བར་གསང་ཆེན་ངོ་བོ་ལ་ཐོག་ཏུ་ཐུགས་ཆེན་གནས་སྟོང་དང་། བདེ་ཆེན་ཞིང་སྒྲུབ། གཡག་རྭ་དགྲ་མནན། ཁྲོ་ཟུར་བརྒྱ་བཞི་སོགས་བཏོན་ནས་ཚེས་བཅུའི་ཉིན་བསང་དགྲ་བླ་བཅས་རྟ་རྒྱུག་སོགས་དགའ་སྟོན་རྒྱ་ཆེར་པོར་བྱས་ནས་མཐའ་བསྡུ། ཟླ་དྲུག་པའི་ཚེས་བཅུ་བཞི་ནས་ཉིན་ལྔ་བཅུ་ལྷག་ལ་དབྱར་གནས་སྔོན་འགྲོ་དང་ལྗོངས་རྒྱུ་བཅས་མཐར་ཕྱིན་པར་གནང་། ཟླ་བཅུ་པའི་ཚེས་གསུམ་ནས་བཅུའི་བར་ཁྲོ་ཟུར་བླ་མ་རྣམས་ཀྱི་འདས་མཆོད་དུ་ཞི་ཁྲོ་མཐོང་བ་དོན་ལྡན་གྱི་ཚོགས་སྒྲུབ་འཚོགས། ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ནས་ཉེར་དགུའི་བར་གཤིན་རྗེ་ཚེ་བདག་གི་བཟློག་སྒྲུབ་འཚོགས་ནས་ལྷ་འཆམ་དང་ཟོར་འཆམ། མེ་ཧོམ་བླུགས་པ་བཅས་ཏེ་མཇུག་དྲིལ།
དགོན་པ་འདིའི་སྒྲིག་ལམ་ཀུན་སྤྱོད་ནི་རྒྱལ་སྲས་རིག་འཛིན་འགྱུར་མེད་རྡོ་རྗེའི་སྒྲིག་ཡིག ཨོ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་བཞེས་ཇི་བཞིན་པའི་བཅའ་ཁྲིམས་ལྟར་ལགས་ཤིང་ཤེས་འདོད་ཅན་འགའ་ལ་དམིགས་ནས་དགོན་པའི་སྒྲིག་ཡིག་རྙིང་བའི་དོན་རྣམས་འདིར་དྲངས་ན། སྤྱིར་བདག་ཅག་གི་སྟོན་པ་མཉམ་མེད་ཟས་གཙང་སྲས་དེ་ཉིད་ཀྱིས་དམ་པའི་ཆོས་སྒོ་ཇི་སྙེད་ཅིག་གསུངས་པ་ལས། དམ་ཆོས་འདུལ་བའི་སྡེ་སྣོད་ལས་བསྟན་པའི་བཅའ་ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་དེའི་ཀུན་སྤྱོད་ཡང་དག་པར་བསྡམས་ཏེ། བག་མེད་པའི་ཉེས་བྱས་ལས་ལྡོག་དགོས་པར་གདམས་ན། དེ་དག་ཁོང་གི་རྗེས་འཇུག་ཏུ་ཞལ་གྱིས་བཞེས་པ་ཡིན་པའི་དོན་གྱིས། ད་ལྟ་རང་ཅག་གོས་དམར་སེར་གྱི་རྒྱལ་མཚན་བསྒྲེང་བ་རྣམས་ཀྱང་། ཚུལ་དེ་ཉིད་ལ་ཅིས་ཀྱང་ཞུགས་དགོས་ཤིང་། དེ་དག་གི་སྤང་བླང་ཇི་ལྟར་བགྱི་བའི་རིམ་པས། བཀའ་དང་དགོངས་པ་རྒྱ་མཚོ་ལྟ་བུ་བཞུགས་པ་ལས་ངེས་པར་མཛད་ཅིང་ཕྱག་ལེན་ལ་བཏབ་པས་འཐུས་པ་ཡིན་ལ། ད་ལྟ་གསང་སྔགས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ནས་སྡོམ་གསུམ་འགལ་མེད་ཀྱི་ཚུལ་དུ་ཉམས་སུ་ལེན་པའི་སྐབས་འདིར་ཀུན་སློང་སྨོན་འཇུག་གི་བློ་གཉིས་སྔོན་དུ་སོང་ནས། ཀུན་ཏུ་སྤྱོད་པ་ལ་དྲན་ཤེས་བག་ཡོད་ཀྱིས་རྒྱུད་བསྡམས་པ་སྟེ། དགོས་པའི་ཡོ་བྱད་ལ། གདུ་བུ་ཅན་མ་ཡིན་པའི་འགག་རིང་། ཤམ་ཐབས། གཟན། རྩེ་ཞྭ། ཚོགས་ལྷམ་རས་མགོ་མ། ཚོགས་ཕོར། ཚོགས་ཁུག ཟླ་གམ། དམ་ཚིག་གི་རྟེན་ཁྱད་དུ་འཕགས་པ་རྡོར་དྲིལ། དེ་དག་ལ་སྲི་ཞུའི་ཡོ་བྱད་དྲིལ་གདན་བཅས་ནམ་དུའང་མེད་ཐབས་མེད་པ་ཁོ་ན་ཡིན། དེ་རྣམས་སྒེར་གྱི་འདུ་ཚོགས་བྱ་དགོས་ངེས་ཡིན། མ་ཟད་སོ་སོའི་ལོངས་སྤྱོད་པའི་ཡོ་བྱད་རོལ་མོའི་རིགས། ཆ་ལང་། སིལ་སྙན། རྔ། རྐང་གླིང་། དུང་དམར། རྒྱ་གླིང་། དུང་དཀར། བཤུག་པ་བཅས་རང་རང་གི་བསྐོས་པའི་གཉེར་གཏད་ལ་ཉར་ཚགས་དང་ནོར་ལྷག་མེད་པར་སྤྱོད་དགོས། དངོས་གཞི་ལ། ཆོ་ག་གསུང་པའི་སྐབས་སྟོན་པས་བཅས་པའི་ཉེས་བྱས་ལས་ལྡོག་ཅིང་། ཁྱིམ་པ་སུན་མི་འབྱིན་པའི་ཆེད་དུ་ན་བཟའ་བརྫེས་ཆེ་བ་དང་། འཇོལ་ཆེ་བའི་མཐའ་གཉིས་སུ་མ་ལྷུང་བ། ལོང་བུ་ཁེབ་པ་ཙམ་གྱི་སྟེང་། ཤམ་ཐབས་དང་གྲ་མཉམ་པར་བྱས་ནས། དེ་ལའང་ལྟེབ་དང་ཕུར་མ། གདེང་ཀ་ཟླུམ་མིན་རིང་ཐུང་གླང་རྣ་འདྲ་བ་སོགས་ཀྱི་སྐྱོན་སྤང་དགོས། མནབ་གཟན་ཡང་སྟོན་པས་མ་གནང་བའི་ཁ་ཚར་ཅན་དང་། འབུ་རས་སོགས་མ་རུང་བའི་རས་ཆ་སྤང་དགོས། རུང་བའི་གོས་ཕྲུག་ཐེར་སྣམ་བུ་གང་རུང་གི་གཟན་ཤམ། རྩེང་འཇོལ་གྱི་ཕྱོགས་གཉིས་སུ་མ་ལྷུང་བར་མནབ་གཟན་གྱི་དབུས་ཕྲག་གཡོན་ནས་གཡས་འོག་ནས་གཡོན་ཐོག་ཏུ་གཟན་རྩེ་འཕེན། གཡོན་གཟན་གཡོན་གཅུས་གཡས་ཕྲག་ཏུ་གཟར། གཟན་ཕབ་མི་དགོས། བཞུགས་སྐབས་གཟན་ཐུ་གཡོན་གྱིས་པང་བཀབ། བླ་མ་དང་ཁྲི་རིན་པོ་ཆེ། དབུ་ཆོས་སོགས་ཀྱི་མདུན་དུ་ཟླུམ་ཁྱེར་བཅས་ཀྱི་གུས་པའི་རྣམ་འགྱུར་བཅས་དང་། འདུལ་བ་ལས་ཀྱང་རྐང་རྗེན་པ་དགེ་འདུན་པའི་གདན་ལ་ལོངས་སྤྱོད་པར་མི་བྱ། གདིང་བ་ཡོད་ནའམ། མིན་ཡང་སྔགས་ཆོག་གི་སྐབས་སུ་ལྷམ་བཀག་པ་མེད་པས། མདོ་སྔགས་དགོངས་མཐུན་ལྟར་མཆིལ་ལྷམ་གྱོན་པའམ། ཡང་ན་དུས་དང་བསྟུན། ཐོག་མར་བཞེངས་བསྐུལ་གྱི་སྐབས། དུང་བརྡ་ཚར་གཅིག་བུས་ནས་དུང་མཁན་གྱིས་ཇ་གསོལ། མལ་ནས་ཧལ་གྱིས་བཞེངས་ཏེ་ན་བཟའ་ཚགས་བསྡམས། དུང་དང་པོ་སྐབས་གཟན་ཤམ་མནབས། གཉིས་པའི་སྐབས་ཚོགས་རར་ཕེབས། གསུམ་པའི་སྐབས་སྒོ་གཡས་ཆབ་བཟེད་གཡོན་ཆབ་འབུལ་བཞུགས་ཏེ་འབུལ་བཟེད་བྱ། དགེ་བསྐོས་ཀྱང་གཟན་ཕབ་དང་སྤོས་སྣ་བྱེད་ནས་སྒོ་གཡས་སུ་བཞུགས། གྲྭ་རྣམས་ཚོགས་ཁང་དུ་ཕེབས། དེ་ནས་བཞུགས་དུང་བཀྱག་དྲུག་མའི་སྐབས། མཉམ་དུ་ཕྱག་གསུམ་འཚལ་ཏེ་བཞུགས། དུང་འབུད་ཚུལ་ནི་དུང་མཁན་གྱིས་དུས་དང་བསྟུན་ནས། དུང་སྐད་ཡ་གཅིག་དྲག་ཏུ་འབུད་ནས་བླ་གྲྭ་ཀུན་སད་པར་བྱེད། ཇ་གསོལ། དུང་དང་པོ་འབུད་ནས་བསམ་ལྷུན་ཚར་གསུམ་འདོན། གཉིས་པ་འབུད་ནས་སྒྲོལ་མ་ཚར་གསུམ་འདོན། གསུམ་པ་ཡར་ཕེབས་སྐབས་འབུད། དེ་ནས་རྒྱ་མཐོང་ཁར་འདོར་དུང་བཀྱག་དྲུག་མ་ཚར་གཅིག་འབུད་སྐབས་ཚོགས་པ་རྣམས་གྲལ་ཕྱག་མཉམ་དུ་འཚལ་ནས་བཞུགས། འབུད་ཚར་བའི་རྗེས་དབུ་མཛད་ནས་ཚིག་མགོ་ལེན། དུང་བ་གཉིས་ནས་ཕྱག་འཚལ་ཏེ་བཞུགས། དེ་ནས་གཡས་གཡོན་གྲལ་དུ་བཞུགས་སྐབས། རྒྱ་ཆེ་བ། དགྱེ་ཆེ་བ། གཡས་གཡོན་དུ་གཡོ་བ། ཕྱོགས་ཀུན་ཏུ་ཧྲིག་ཧྲིག་བལྟ་ཞིང་མགོ་སྒྲིབ་པ་དག་ནི་ཤིན་ཏུ་ཐ་ཆད་ཅིང་སྒྲིག་དང་འགལ་ཚབས་ཆེ་བ་ཡིན་ནོ། དེ་མ་ཡིན་པར་སྐུ་དྲང་པོར་དང་མཐུན་པར་བཞུགས་པའི་མདུན་ནས་གྲིས་བཅད་པ་ལྟ་བུ་དང་། རྒྱབ་མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུ་ཞེས་དཔེ་གཉིས་དང་མཐུན་པར་བཞུགས་པ་ནི། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། དད་ལྡན་དང་བ་འདྲེན་པའི་མིག་རྒྱན། འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་ས་ཡིན་པའོ། །དེ་ནས་བཟུང་ཆོ་ག་གཏོང་བའི་ཚེ། བྱང་འདྲེན་པས་ཇི་ལྟར་བསྐུལ་བ་བཞིན། གདངས་དབྱངས་དང་ཤར་འདོན་གང་གི་སྐབས། སྐད་ཕྲ་བ་དང་། མཚམས་མི་ཕྱེད་པ་དང་། སྐད་གདངས་མཐོ་ཆེ་བ་དང་། གཞུང་གི་ཚིག་ཉམས་པ་དང་། དལ་ཆེ་བ་དང་། ཧ་ཅང་མགྱོགས་ཆེ་བ་ཡང་མ་ཡིན་པའི་ཅུང་ཟད་ལྷོད་ལ་ལྡིར་ཆགས་པར་བྱ། གདངས་དབྱངས་རྣམས་ཀྱང་སྐད་བཟང་ངན་གྱི་རྗེས་སུ་འགྲོ་བ་ཁོ་ན་མིན་ཏེ། གང་དང་གང་གི་ཚེ་ནའང་། སྤྱིར་ཏིང་འཛིན་ལ་བྱང་མ་ཆུབ་པ་རྣམས། རྣམ་པ་གསལ་ངེས་པའི་བར་དུ་འཐེན་པ་དང་། བྱེ་བྲག་མཆོད་པའི་ཁྱད་པར་དུའང་ཡིན་པར་གསུངས་ལ། ཇི་སྐད་དུ། ཆེན་པོ་དྲུག་ལ་མ་གྱེར་ན། ཡོ་ག་དབྱངས་ཀྱི་བསྟན་པ་ཉམས། ཞེས་པ་ལྟར་ཡིན་ཞིང་། ཤར་འདོན་གྱི་སྐབས་འཐེན་པ་དང་། ལྷུག་འདོན་དག་ལའང་དེ་དང་རྗེས་མཐུན་གྱི་དགོས་ཆེད་ཡོད་ཅིང་། སྔགས་འདོན་ཚུལ་ཡང་སྒྲ་ལེགས་སྦྱར་དང་མཐུན་པར་ཀློག་ཚུལ་ཡོད་པ་བཅས་མདོར་ན་གསང་སྔགས་ལུང་གི་སྒོ་བཞི་དང་མཐུན་པར། ཚིག་གི་ཟུར་མ་ཉམས་པ། ཆོ་གའི་ཡན་ལག་རྫོགས་པ་དགོས་ཆེད་ཆེ་བས། ད་ལྟ་གསང་སྔགས་རྙིང་མའི་ནང་ནས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་ཀྱི་རྗེས་སུ་འབྲང་བ་འདི་ལའང་། མཁས་གྲུབ་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱིས་ཐུགས་ལ་བཅགས་པ་ཡིན་མོད། མཛེས་ཆོས་དང་སླ་ཆོས་ཀྱི་ཕྱོགས་སུ་སོང་བ་མ་ཡིན་ནོ། །རོལ་མོ་རྡུང་ཚུལ་ཡང་། རྩུབ་དྲག་པ་དང་། དྲང་པོར་བསྲང་ཆེ་བ་དང་། ཧ་ཅང་ཡོན་པོ་བསྐྱོད་པ་དང་། ཤུགས་ཆེ་བ་དང་། རང་སྐད་མ་ལོན་པ་སོགས་དང་། སིལ་སྙན་ཡང་། བརྡར་བ་ལྟ་བུ་དང་། ཐལ་མོ་བརྡབ་པ་ལྟ་བུའི་ཚུལ་རྣམས་སྤོང་ཞིང་། རོལ་སིལ་གཉིས་ཀ་ཞི་དྲག་གི་མཚམས་ཕྱེད་པ། ཟིལ་རིང་ཐུང་འཚམས་པ་བཅས་ཐང་སྐང་ཆེ་འབྲིང་ཆུང་གསུམ་སོགས་ཐང་ཟིལ་མ་ནོར་བ་གལ་ཆེ། རྔ་འདེགས་ཚུལ་ལ་ཡང་། དང་པོ་རྔ་གཡོག་ནས་རྔ་ལྕག་བླངས་ཏེ་རང་རང་གི་མདུན་དུ་འཇོག དེ་ནས་རྔ་དཔོན་ནས་རྔ་བཀྱག་སྟེ་པུས་མོའི་སྒང་དང་། དཔྲལ་བའི་སྒང་། རྔ་ཡི་སྒང་སྟེ་སྒང་གསུམ་འགྲིགས་པར་བླངས་ཤིང་། མཐོ་དམན་དང་འབུར་ཁྱད་མེད་པར་དྲང་ཐལ་ལེར་བྱས། རྔ་ལྕག་གི་ལུང་ལ་དམ་པོར་མི་འཛིན་པར་ལྷོད་པོར་བཟུང་ནས་རྔ་དཀྱིལ་དམའ་བ་སོར་བཞིའི་མཚམས་ཙམ་དུ་དལ་གྱིས་རང་གི་ཐོས་ཙམ་རྡུང་བ། རྔ་ལྕག་རང་ལྗིད་ཀྱིས་སྒྲ་ལྷོད་པོར་བསྐུལ། རོལ་སྐོར་དང་། བགེགས་བསྐྲད། སྤྱན་འདྲེན། མཆོད་པ། ལྷག་མ། གདངས་དམིགས་བསལ་རྣམས་ལ་རྔ་ཤད་དང་། རྔ་ལེན་འཇོག་གང་གི་ཚེ་ཡང་འུར་སྒྲ་དང་ཐུགས་ཚོམ་བྲེལ་ཚུབ་ཚུབ་པ་མ་ཡིན་པར་དལ་བུས་རྔ་དཔོན་སྔོན་དང་རྔ་གཡོག་རྣམས་ཀྱི་ཕྱི་ནས་ལེན་འཇོག་བྱ། རྡོར་དྲིལ་རྣམས་གསང་སྔགས་ཀྱི་དམ་ཚིག་གི་རྟེན་ཁྱད་པར་དུ་འཕགས་པ་ཡིན་པར་ཤེས་པའི་སྲི་ཞུ་དང་བཅས། ལག་གཡས་པས་རྡོར་དྲིལ་གཉིས་མཉམ་དུ་བླངས་ནས། དྲིལ་བུ་གཡོན་པར་བཞག དཀྲོལ་བའི་སྐབས་ཡར་མར་བཞི་བརྡེག་རེ། ཚིག་ཐ་མའི་ཕྱེད་སྨད་ནས་དལ་བུར་དཀྲོལ་ལ་དྲག་ཏུ་དཀྲོལ་བར་མི་བྱ་བར་ཐག་སེར་འཇོག རྡོར་དྲིལ་ལེན་འཇོག་སྐབས་དང་ཕྱག་རྒྱ་བཅའ་བ་སོགས་ལ་དྲིལ་བུའི་སང་སྒྲ་ཅག་སྒྲ་སོགས་གཏན་ནས་མེད་པ་དགོས། རྩེ་ཞྭ་ཡང་ཕྲག་གཡོན་ལ་བཀལ་བ་ལེན་སྐབས་གཡས་ཀྱིས་ལྟག་རྒྱབ་ནས་བསྐོར་ཏེ་བླངས་ནས། ཞྭ་རྔ་ནང་དུ་ལྟེབས་ཟིན་ནས། གཡས་ཁོ་ནས་གྱོན་པ་ལས་ལག་གཉིས་ནས་མི་མནབས་པར་བྱ། གཞན་ཡང་བྱང་འདྲེན་ཆེན་པོས། གསུང་སྐབས་འདོན་པ་དལ་མགྱོགས་མཉམ་པར་བྱ། ཚིག་རྒྱུག་ཞེས་པ་མགྱོགས་པར་འདོན་པ་སྟེ་འཁྱོལ་རྒྱོག་དང་འདྲའོ། །མཆོད་དཔོན་གཡོག་གིས་སྤོས་ནས་འགྱེད་པ། ཞྭ་འགྱེད་བསྡུ་སོགས་དང་། རང་གི་ཞྭ་ཁུར་ནས་གཟན་ཕབ་པ་སོགས་འགྲོ་འདུག་གང་གི་སྐབས་དལ་བུར་ཀུན་ཀྱི་མདུན་འཇོག་སྟེང་འཕེན་རྫོགས་མི་བྱེད་པར་ཞིབ་པར་བྱེད་དགོས། དུང་དམར་བས་འདོར་རྒྱང་ཎི་སོགས་རོལ་མོ་དང་མཐུན་པར་བགེགས་འགུགས་གཉིས་ལ་ཎི་ཚ་བཀུགས་དང་མཇུག་ཏུ་འདར་བཅས་དགོས། སྤྱན་འདྲེན་ཎི་ལྷོད་ཀྱིས་བཀྱགས་ལ་མཇུག་ཏུ་དམའ་བར་འཇོག་ནས་འདོར་བཅས་ཀུན་དང་འགྲེ། ཁྱད་པར་ལྷ་རྒྱལ་ཆེ་ཆུང་ཡིད་ལ་ངེས་དགོས། རྒྱ་གླིང་ཡང་ཙིར་དིར་མི་བསྒྲག་པར་སྔགས་སྐབས་ནས་གཟོད་འབུད་པ་སྒྲུབ་མཆོད་ཁོ་ནས་ཕྱག་བཞེས་ཡིན་ལ། རོལ་མོའི་སྐབས་རྒྱ་གླིང་སྨིན་གླིང་ལྟར་འབུད་དགོས་ངེས་ཡིན། དེ་མིན་མཆོད་རོལ་དང་གཟིམས་དུང་། དབང་འགྲིམ་སྐབས་སོགས་སྒྲ་སྙན་པར་འབུད་ཀྱང་ཆོག དུང་དཀར་ཡང་། བགེགས་འགུགས་མནན་གསུམ་ལ་འབུད་མི་ཆོག དེ་མིན་གང་ལ་འབུད་པ་ཤེས་ངེས་དགོས། རྐང་གླིང་ཡང་། སྐད་སྦོམ་ལ་ལྷོད་པ། བགེགས་འགུགས་ལ་འདུར་མ་དང་། དེ་མིན་གསུམ་བཞི་དྲུག་སོགས་འབུད་སྲོལ་ཡོད་པས་རོལ་མོ་དང་མཐུན་པར་འབུད་དགོས། དེ་ཡང་ཆབ་རྒྱུག་གཉིས་པོ་སྒོར་བཞེངས་སྐབས་གཟན་གྱིས་མགོ་ཅུང་ཞིག་ཡོལ་ཏེ་རྐང་རྩེ་ས་ལ་རེག་ནས་ལྡིར་སྒྲ་མི་བྱེད་པར་ཚོགས་གྲལ་དུ་རྒྱུག སྔ་མོ་ཉིན་གུང་གཉིས་པོ་སྒོ་ཤུབ་གཡས་གཡོན་དུ་འབུལ་བཟེད་བྱ་དགོས། དེ་ནས་ཇ་འདྲེན་པ་འདྲེན་དཔོན་ལྟར་ཡར་མར་དལ་བུར་འགྲོ་རྒྱུ་དང་། ཇ་ཆེན་ལ་གསུམ་རེ་དང་ཇ་ཆུང་རྣམས་ལ་གཉིས་རེ་དྲངས་རྒྱུ། ཕོལ་གཅོལ་མི་བྱ་བར་དལ་བུར་བྱ། ཆོས་ཁྲིམས་དཔོན་གཡོག་གཉིས་ནས་སྤོས་སྐོར་དང་། ཚོགས་པའི་སྒྲིག་ལ་ལེགས་པོར་གཟིགས་པ་གལ་ཆེའོ། གཞན་ཡང་བྱང་འདྲེན་ཆེན་པོས་ཇི་ལྟར་མཛད་པ་དང་དུས་མཉམ་དུ་འགྲིགས་པར་བྱ་བ་ལས། སྔ་ཕྱི་དང་འགྲིགས་མིན། རང་སྣང་གང་ཤར་གྱིས་བྱ་སྤྱོད་སྒྲུབ་མི་ཆོག རང་རང་གི་ལས་འགན་ལ་སྔར་ནས་བྱང་འདྲིས་ཡོད་པ་གཞིར་བྱས་ནས་འདིར་རགས་རིམ་ཙམ་ལས་མ་སྨོས་ཤིང་། ཚོགས་སྒྲིག་འདི་རྣམས་ཀྱང་། འཕྱོར་འདོད་དང་། སྒེག་ཆོས་མཛའ་བ་ཁོ་ན་བསམས་པ་མིན་གྱི་མདོར་ན་བསམ་གཏན་དང་འགལ་ཞིང་། བསྐྱེད་རྫོགས་ཀྱི་ཏིང་འཛིན། རྒྱུན་སྤྱོད་རྗེས་ཐོབ་དང་བཅས་པ་ལ་བར་ཆད་དུ་གྱུར་ཏོ་ཅོག་སྤང་བ་ཞིག་ཡིན་ལ། འབུད་དཀྲོལ་རྣམས་ཀྱང་མཆོད་པའི་རྫས་ཐུན་མོང་མ་ཡིན་པ་ལགས་ཤིང་། སོ་སོ་ནས་ལས་བཞིའི་ཕྲིན་ལས་ལ་ཐུགས་དམ་བསྐུལ་བའི་གནད་ཡོད་པས་། ཕོ་ཚོད་དང་བརྙས་ཆོས་སུ་མ་སོང་བ་དང་། ཁྱད་པར་དུ་འཕགས་པའི་རྡོར་དྲིལ་དང་ཌཱ་མ་རུ། རྔ་རྣམས་ནི་བླ་མེད་ཀྱི་མཆོད་རྫས་བྱིན་རླབས་ཅན་ཡིན་པས། གཞུང་མཐུན་མཐོང་རྒྱུན་གྱི་འགྲིགས་ལམ་གལ་ཆེ་ལ། རྒྱུ་ནོར་དང་རིགས་རུས་ཐོབ་ཐང་གི་འདུ་ཤེས་བཟུང་ནས་མཆོག་འཛིན་སོགས་ཀྱི་རྩོད་གླེང་གི་གཏམ་སྨྲ་མི་རུང་། གཞན་ན་སོ་རྒས་གཞོན་གྱི་མཐར་ལྷུང་བ་རྣམས་ལ་དམིགས་བསལ་ཅུང་ཟད་རེ་ཡོད་པ་ངེས་དགོས། སླ་ཆོས་ཀྱི་སྤྱོད་ལམ་བྱུང་ན། བཀའ་ལུང་ཕྱག་བཞེས་ཀུན་དང་འགལ་བས་མི་འཚམས་པ་ཡིན་ལ། རང་རང་གི་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མི་འདོད་པ་མིན་པར་གཞིར་བྱས་ནས། དོན་གཉེར་གྱི་ཆོ་ག་ལག་ལེན་འདེབས་པ་རྣམས་ཀྱིས་རང་འདོད་རང་གཅེས་བྱ་བ་གནད་དུ་ཆེ་ཞིང་། ན་བཟའ་སོགས་གཟབ་སྤྲོས་བྱེད་པའང་། ནོར་རྩིས་དང་རང་མཐོང་སྙན་གྲགས་འཕྱོར་སྒེག་སོགས་ཀྱི་ཀུན་སློང་མ་ཡིན་པས། རབ་ཀྱིས་སྒྱུ་མ་ལ་སྒྱུ་མ་རོལ་བའི་རྩལ་སྦྱངས། འབྲིང་གིས་གདན་གསུམ་ཚང་བའི་ལྷ་ལ་མཆོད་པ་དང་བཀུར་སྟི། ཐ་མས་ཀྱང་དཀྱིལ་འཁོར་གཉེན་པོ་མཐོང་ཐོས་ཙམ་ཡང་དགའ་བའི་གནས་དམ་པ་འདི་ཉིད་དུ་འཇུག་པའི་སྐལ་བ་བཟང་པོ་དང་ལྡན་ནོ་སྙམ་པས་དགའ་སྤྲོ། ང་རྒྱལ་དང་མ་འདྲེས་པའི་སྒོ་ནས་རྟེན་འབྲེལ་གྱི་ཚུལ་དུ་སྤྱོད་པ་ཡིན་ལ། མཁས་གྲུབ་རིམ་པར་བྱོན་པའི་ཕྱག་བཞེས་རྨ་མེད་ཀྱི་བཅས་སྒྲིག་རྣམས་ལ། གནད་གལ་ཆེན་རེ་མེད་པ་གཏན་ནས་མེད་གཤིས། སྡེ་དཔོན་བཙན་པོའི་འབངས་ལྟ་བུ་མ་ཡིན་པ། དད་གུས་སྤྲོ་བ་དང་ལྡན་པས། རང་གི་ཤེས་པ་རྣམས་ཧང་བསྐྱུར་དུ་མ་སོང་ཞིང་། མི་ཤེས་པ་ཡོད་ན་དབུ་ཆོས་བསྒྲེས་རིམ་རྣམས་ཀྱི་ཞལ་ལ་ཉན་པ་གལ་ཆེ། ཕྱི་རོལ་དུ་ཕེབས་སྐབས། ཀི་སྒྲ་དང་འབོད་པ། མཆོང་རྒྱུག བག་མེད་རྩིང་སྤྱོད། གཟན་ཤམ་ཕུད་པ་རྣམས་ནི་ཤིན་ཏུ་མི་རུང་བའི་གནད་ཆེན་ཟུར་ཐོར་ཞུས་པ་ལགས། དེ་ལྟར་གཞུང་མཐུན་གྱི་ལག་ལེན་ཟབ་མོས་བརྒྱན་ཏེ། དཀྱིལ་ཆོག་ཡན་ལག་མ་ཉམས་པར་བཏང་བ། སྦྱོར་དངོས་རྗེས་གསུམ་དང་འབྲེལ་བ་སུས་བྱས་པ་ཐམས་ཅད་མཐར་ཐུག་མཆོག་གི་དངོས་གྲུབ་ངེས་པར་ཐོབ་སྟེ། གང་ཟག་ཐ་མ་ཡིན་ཡང་སྐྱེ་བ་བཅུ་དྲུག་ནས་འབྲས་བུ་ཐོབ་ཅིང་། གནས་སྐབས་སུ་ཡང་ལས་བཞི་ལྷུན་གྱིས་གྲུབ་ཅིང་། རྩ་གསུམ་ཆོས་སྐྱོང་སྲུང་མ་དང་བཅས་པས་བྱིན་གྱིས་བརླབས་པའི་རྟགས། ཡུལ་གྲུ་བཀྲ་ཤིས། ཆར་ཆུ་དུས་སུ་འབེབས། མི་ནད་དང་ཕྱུགས་ནད་རྒྱུན་ཆད། དགེ་འདུན་ཐུགས་མཐུན་ཁྲིམས་གཙང་དུ་འབྱུང་བ་སོགས་ཕན་ཡོན་དཔག་ཏུ་མེད་པའི་ཕྱིར་། ཁེ་ཉེན་ཤེས་པའི་སྒོ་ནས་ཐུགས་དཀྱིལ་གྲུབ་པ་ཞུ་ལགས་ཞེས་པའོ།།
དགོན་པ་འདིའི་བསྐོས་བཞག་གི་རིམ་པ་ནི་ཐོག་མར་མང་ཇ་དར་འགྱེད་དང་བཅས་ཏེ་ཚོགས་སུ་བཞུགས་པ་ནས་བགྲང་བྱ་གསུམ་གྱི་རིང་དུ་འདྲེན་པ་དང་རྡུལ་ཕྱགས་པ། དེ་ནས་རྡང་གྲལ་ནང་མར་སྒྲིག་རྔ་འཛིན་མཁན་ལ་རྒན་པ་དག་གིས་བློ་རིག་ནུས་ལྕོགས་ཀྱི་རིམ་པར་བསྐོས་བཞག་གནང་ལྟར་བཞུགས་དགོས་ཤིང་། རྒན་རབས་པ་ཡོངས་ཀྱི་གྲོས་གཅིག་ངང་གིས་བཀའ་གནང་བྱུང་ལྟར་དུང་དཀར་བ་ལོ་གསུམ་དང་། རྒྱ་གླིང་ལོ་གསུམ། དུང་དམར་བ་ལོ་གསུམ་ནས་གྲོགས་ཡ་གཅིག་མཆོད་གཡོག་ལོ་གསུམ་དང་། མཆོད་དཔོན་ལོ་གསུམ། རོལ་ལེན་པ་ལོ་གསུམ། དབུ་མཛད་ལོ་གསུམ། དགེ་བསྐོས་ལོ་གསུམ་ནས་བུད་དེ་དགོན་པའི་སྤྱི་ཡི་ལས་འཛིན་ལྷན་ཚོགས་ལ་དབང་བའི་རྒན་པར་གྱུར་ལ། གྲོགས་ཡ་གཅིག་སྤྱི་གཉེར་བ་སོགས་མཛད་ནས་མཐུན་སྒྲིལ་ཀུན་སྤྱོད་བཟང་བའི་རྒན་པར་གྱུར།
དགོན་དཔོན་དང་མཁན་པོ། ཁྲི་བ་སོགས་ནི་ཤེས་ཡོན་ཉམས་རྟོགས་མཐོ་དམན་དང་མཐུན་པར་བསྐོས་བཞག་གནང་བ་ལས་སྒྲིག་གི་གོ་རིམ་ནང་བཞིན་འདེད་མི་དགོས་སོ།། དེ་ལྟར་འགན་བཞེས་གནང་བའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་བསྐལ་བརྒྱའི་བར་དུ་འཚོ་ཞིང་བཞུགས་པར་སྨོན་ནོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com