སྐྱབས་འགྲོ་བྲན་གཡོག་གི་འདུ་ཤེས་ཡིན་མིན་གླེང་བ།

རྩོམ་པ་པོ།:བསོད་ནམས་ཀུན་ལྡན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-17 15:43:00 ཀློག་གྲངས།:

  བྲན་གཡོག་གི་འདུ་ཤེས་ཞེས་པ་དང་སྐྱབས་འགྲོའི་འདུ་ཤེས་གཅིག་ཏུ་བསྲེས་པ་ནི་དེ་གཉིས་ལ་གོ་བ་མ་ལོན་པའི་གཏམ་ཞིག་ཡིན་ཏེ། དེ་གཉིས་ནི་ཆེས་འགལ་བ་ཞིག་ཡིན། ང་ཚོས་ཐོག་མར་བྲན་གཡོག་གི་འདུ་ཤེས་ཞེས་པ་ལ་གོ་བ་ཞིག་བླངས་ན་དེ་ནི་མི་ཞིག་གི་རང་དབང་ལ་ཚོད་འཛིན་བྱས་པ་དང་རེ་བ་བཀག་སྡོམ་བྱས་པ་སྟེ་མི་དེར་རང་དབང་ཅི་ཡང་མེད་ན་ད་གཟོད་བྲན་གཡོག་གི་འདུ་ཤེས་སྐྱེ། གསལ་བོར་བཤད་ན་བྲན་གཡོག་གི་འདུ་ཤེས་ནི་རང་དབང་བཀག་སྡོམ་བྱས་པའི་སྡུག་བསྔལ་ཡིན་པས་སྐྱབས་འགྲོ་དང་ག་ལ་མཚུངས། སྐྱབས་འགྲོ་ནི་གུ་ཐུག་པའི་ཁྲོད་ཀྱི་རེ་སྨོན་ཡིན་ཞིང་གསལ་བོར་བཤད་ན་སྡུག་བསྔལ་ལས་ཐར་འདོད་ཀྱིས་གཞན་ལ་རེ་སྨོན་བྱེད་པའི་བློ་དེ་ཡིན་ལ། དེ་བཞིན་སྐྱབས་སུ་མཆི་ཞེས་པའི་སྐྱབས་ནི་རྟེན་གཞིའི་དོན་དང་མཆི་བའི་སྐད་དོད་གཙྪ་ཞེས་པ་འགྲོ་བ་དང་སོང་བ་ཞུགས་པ་སོགས་ལ་འཇུག་པས་སྐབས་འདིར་སྐྱབས་སུ་འགྲོ་བར་བསྒྱུར་པ་ལྟར་དཀོན་མཆོག་གསུམ་རྟེན་དུ་བཟུང་ནས་རང་གི་བློ་དེའི་ཕྱོགས་སུ་འགྲོ་བ་དང་སོང་བ་སྟེ་དཀོན་མཆོག་ལ་བློ་སྙིང་འགེལ་བའི་དོན་ཡིན་ནོ། །
  དེའི་ཕྱིར་སྒྲ་ཟོར་ཡངས་པའི་སྒོ་ནས་བཤད་ན་མི་ཞིག་དང་ཚོགས་པ་གཅིག ཡང་ན་རྒྱལ་ཁབ་གཅིག་སོགས་གང་ཡིན་རུང་རང་ཉིད་བདེ་སྐྱིད་དང་། སྡུག་བསྔལ་ལས་ཐར་བར་ཚན་རིག་དང་ཆབ་སྲིད། དཔལ་འབྱོར་བཅས་ལ་རེ་སྨོན་བྱེད་པ་དེའང་སྐྱབས་འགྲོའི་ཁོངས་སུ་གཏོགས་ལ་འཇིག་རྟེན་བདེ་ཐབས་ཀྱི་རེ་སྨོན་དམངས་གཙོ་ལ་བཅོལ་པའང་སྐྱབས་འགྲོའི་ཁོངས་སུ་གཏོགས། དེ་བཞིན་ང་ཚོ་བོད་པ་རྗེས་སུ་ལུས་པའི་གནས་བབས་འདི་ལས་ཐར་བར་དཔལ་འབྱོར་དང་ཆབ་སྲིད། སློབ་གསོ། ཚན་རིག་བཅས་ལ་རེ་སྨོན་བྱེད་བཞིན་པ་འདི་དག་ལ་བསམས་ན་སྐྱབས་འགྲོའི་འདུ་ཤེས་ཞེས་པ་བྲན་གཡོག་གི་འདུ་ཤེས་ཡིན་མིན་ཆེས་གསལ་བོར་ཤེས་ཐུབ།
  ཆོས་ལུགས་ཀྱི་སྐྱབས་འགྲོའང་དེ་བཞིན་ཏེ་གལ་ཏེ་ཁྱེད་ལ་དད་པ་མེད་ཅིང་འཁོར་བའི་སྡུག་བསྔལ་ལ་འཇིགས་པ་མེད་ན་དེ་ལས་ཐར་འདོད་ཀྱི་བློ་མི་སྐྱེ་ལ་དེ་མ་སྐྱེས་ན་སྐྱབས་འགྲོ་མི་སྐྱེ་བས་བྲན་གཡོག་གི་འདུ་ཤེས་དེ་བས་ཀྱང་མི་སྐྱེ་ལ་ཆོས་ལུགས་པ་ཞིག་གི་ངོས་ནས་བཤད་ན་སྐྱབས་འགྲོ་ནི་ཁོའི་རེ་སྨོན་ཡིན་པས་ཤེས་པ་རང་བཞིན་དུ་མི་གནས་པ་ཞིག་མིན་ན་རང་གི་རེ་སྨོན་བྲན་གཡོག་གི་འདུ་ཤེས་སུ་རྩི་མཁན་ཞིག་ག་ལ་སྲིད། དེང་སང་སྐྱབས་འགྲོའི་འདུ་ཤེས་བྲན་གཡོག་གི་འདུ་ཤེས་ཡིན་ཟེར་མཁན་ཚོ་ནི་ཆོས་ལུགས་ལ་མི་དད་མཁན་དག་ཡིན་པས་ཁོ་ཚོར་སྐྱབས་འགྲོ་མེད་དེ་དེ་ནི་འཁོར་བའི་སྡུག་བསྔལ་ལ་འཇིགས་སྐྲག་དང་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡོད་པའི་ཡིད་ཆེས་གཉིས་འཛོམས་དགོས། དེ་ཡོད་ན་ད་གཟོད་འཁོར་བའི་སྡུག་བསྔལ་ལ་བྲན་གཡོག་གི་འདུ་ཤེས་དང་དེ་ལས་ཐར་བར་སྐྱབས་འགྲོ་སྐྱེ་བ་ཡིན་པས། གོང་དུ་བཤད་པ་ལྟར་དེ་ཚོས་བྲན་གཡོག་གི་འདུ་ཤེས་ཡིན་ཟེར་བ་ནི་སྐྱབས་འགྲོ་ལ་གོ་བ་མ་ཆགས་པར་གཡམ་ལ་རྒྱུགས་པའི་རྟགས་སོ། །

མཚོ་སྔོན་མི་རིགས་སློབ་ཆེན། བསོད་ནམས་ཀུན་ལྡན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།