མདོ་སྔགས་གཉིས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་འཇོག་ཚུལ་བསྡུས་པ།
རྒྱུ་མཚན་ཉིད་ཐེག་པའི་གཞི་ལམ་འབྲས་གསུམ་ནི། སྤྱིར་གཞི་ཕུང་ཁམས་སྐྱེ་མཆེད། ལམ་ཚོགས་བསགས་སྒྲིབ་སྦྱོང་འབྲས་བུ་ཐར་བའི་གོ་འཕང་ངམ། གཞི་བདེན་གཉིས་ལམ་ཚོགས་གཉིས། འབྲས་བུ་སྐུ་གཉིས། གཞི་བདེ་གཤེགས་སྙིང་བོ༌། ལམ་ས་བཅུ་ལམ་ལྔ། འབྲས་བུ་སྐུ་དང་ཡེ་ཤེས་སོགས་ཉན་རང་བྱང་སེམས་ཀྱི་འཇོག་ཚུལ་མི་འདྲ་བ་མང་བོ་འདུག
འབྲས་བུ་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་གསུམ། གཞི་རིགས་ཁམས་བདེ་གཤེགས་སྙིང་བོ༌། ལམ་བསྐྱེད་རྫོགས་གཉིས། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང༌།
འོད་གསལ་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ། གཞི་ཡེ་གནས་རང་རིག་སེམས་ཀྱི་ངོ་བོ་དེ། ལམ་ཀ་དག་རིག་པའི་ངོ་བོ་ཉིད་སྐུ་གསུམ་རང་ཆས་སུ་ཡོད་པར་བླ་མས་དེ་ཀ་ཉིད་ངོ་སྤྲད་པ་དེ་ལ་ཟེར། འབྲས་བུ་ཐོབ་བྱ་ཐོབ་བྱེད་དང་བྲལ་བའི་རིག་ཐོག་ཏུ་གྲོལ་བ་དེ་ཉིད་ལ་འབྲས་བུ་ཀུན་བཟང་ཀློང་ཞེས་ཐ་སྙད་དུ་མིང་འདོགས་པའོ། །
ཉན་ཐོས། ལྟ་བ་གང་ཟག་བདག་མེད་རྟོགས། སྒོམ་པབདེན་གཞི་མི་རྟག་བཅུ་དྲུག་འབྲས་བུ་སྤྱོད་པ་རང་ཉིད་ཞི་བདེའི་བསམ་པས་སོ་ཐར་རིས་བདུན་གནས་ལྷག་བཅས་ལྷག་མེད་དགྲ་བཅོམ་གོ་འཕང་ཐོབ།
རང་རྒྱལ། ལྟ་བ་བདག་མེད་ཕྱེད་དང་གཉིས། སྒོམ་པ་བདེན་བཞི་མི་རྟག་བཅུ་དྲུག་གི་སྟེང་དུ། རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་ཁྲིགས་ཆགས་སུ་སྒོམ། སྤྱོད་པ་ཉིས་བརྒྱ་ལྔ་བཅུའི་ཁྲིམས་ལ་གནས། འབྲས་བུ་རང་རྒྱལ་དགྲ་བཅོམ་གོ་འཕང་ཐོབ།
བྱང་སེམས། ལྟ་བ་ཆོས་ཐམས་ཅད་བདག་མེད་པར་རྟོགས་པ་སྒོམ་པ་མི་སློབ་ལམ་གཞིར་བྱང་ཕྱོགས་སོ་བདུན་སྒོམ། སྤྱོད་པ། ཕར་ཕྱིན་དྲུག་དང་བསྡུ་ངོས་བཞི། འབྲས་བུ་བཅུ་གཅིག་ཀུན་ཏུ་འོད་ཀྱི་སར།
བྱ་རྒྱུད། ལྟ་བ་བདག་དེ་ཁོ་ན་ཉིད་སྟོང་གསལ་ཡེ་ཤེས་ཆེན་པོ། མཐའ་བཞི་དང་བྲལ་བ། སྤྱོད་པ། ཁྲུས་དང་གཙང་སྦྲ་སོགས་ལུས་ངག་གི་བྱ་བ་གཙོ་བོ་བྱེད། སྒོམ་པ་དེ་ཁོ་ན་ཉིད་བདག་ཉིད་ལྷ་དྲུག་གི་སྒོ་ནས་བསྐྱེད་པ་སོགས་གཙོ་བོ་བསྐྱེད་རིམ་དང་འབྲས་བུ་མི་ཚེ་བདུན་ནས་རིགས་གསུམ་རྡོ་རྗེ་འཛིན་པ་སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་འཐོབ་པ།
སྤྱོད་རྒྱུད། ལྟ་བ་རྣལ་འབྱོར་རྒྱུད་དང་འདྲ་ཞིང༌། སྒོམ་པ་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་ལ་སྒོམ་ཞིང༌། སྤྱོད་པ་བྱང་རྒྱུད་དང་འདྲ་བའོ། །
འབྲས་བུ་མི་ཚེ་ལྔ་ནས་རིགས་བཞི་རྡོ་རྗེ་འཛིན་པའི་ས་འཐོབ་པའོ། །
རྣལ་འབྱོར་རྒྱུད་ནི། ལྟ་བ་དོན་དམ་འོད་གསལ་སྟོང་བ་ཉིད། ཀུན་རྫོབ་ཏུ་ཅི་སྣང་ཐམས་ཅད་ཆོས་ཉིད་ཀྱི་དཀྱིལ། སྒོམ་པ་མཚན་བཅས་ལ་མངོན་བྱང་ལྔ་དང༌། ཆོ་འཕྲུལ་བཞིའི་སྒོ་ནས་བསྐྱེད་པ་མཚན་མེད་དུ་ངོ་བོ་ཉིད་དང་ལྟར་སྣང་ཡེ་ཤེས་གཉིས་མེད་ངང་འཇོག་པ། སྤྱོད་པ་ཁྲུས་སོགས་ཕྱིའི་ཀུན་སྤྱོད་གྲོགས་ཙམ་བསྟེན་ནས་གཙོ་བོ་ལྷའི་རྣལ་འབྱོར་ལ་གནས་པའོ། །འབྲས་བུ་མི་ཚེ་གསུམ་ན་སྟུག་པོ་བཀོད་པའི་ས་ལ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་འཆང་བའོ། །
བླ་མེད་ཕ་རྒྱུད་མ་ཧ་ཡོ་ག ལྟ་བ་ཆོས་ཐམས་ཅད་སྣང་སྟོང་དབྱེར་མེད། སྒོམ་པ་བསྐྱེད་རྫོགས་ཟུང་འཇུག སྤྱོད་པ། ཐབས་མཁས་ཀྱིས་ཟིན་པའི་ཆོས་ཅི་ལའང་མ་ཆགས་པར་བླང་དོར་མེད་པར་སྤྱོད་པ་དང༌། འབྲས་བུ་ཚེ་འདིའི་བར་དོ་སྐུ་ལྔ་ལྷུན་གྱིས་གྲུབ་པ་འཚང་རྒྱ་བའོ། །
མ་རྒྱུད་ལུང་ཨ་ནུ་ཡོ་ག་ལ། ལྟ་བ་གཞི་ཆོས་ཐམས་ཅད་དཀྱིལ་འཁོར་རྣམ་གསུམ་མ་འདྲེས་པར་གཏན་ལ་ཕབ་པས། སྒོམ་པ་རྣལ་འབྱོར་མི་རྟོག་པའི་ཡེ་ཤེས་དང༌། སློབ་ལམ་བཞི་མཐར་ཕྱིན་པ། སྤྱོད་པ་གཙོ་བོ་མཉམ་པ་ཉིད་ལ་སྤྱོད་པའོ།།འབྲས་བུ། ཚེ་འདིར་མངོན་དུ་བྱས་ཏེ་སྐུ་བཞི་བདག་ཉིད་བདེ་བ་ཆེན་པོའི་སྐུ་འཐོབ་པའོ།།
གཉིས་མེད་རྒྱུད་ཨ་ཏི་རྫོགས་པ་ཆེན་པོ་ནི། ལྟ་བ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན། སྒོམ་པ་ཀ་དག་ལྟ་བའི་ངང་ནས། ཐོད་རྒལ་སྣང་བཞི་མཐར་ཕྱིན་པ། སྤྱོད་པ་ཅིར་སྣང་ཐམས་ཅད་ཆོས་ཉིད་ཀྱི་རོལ་བར་ཤར་བ། བླང་དོར་མེད་པར། འབྲས་བུ་ལྷུན་རྫོགས་ཀུན་ཏུ་བཟང་བོའི་ས་ལ་ད་ལྟ་ཉིད་ནས་གནས་པ་མཐར་ཕྱིན་པ་འཁོར་བ་མྱོང་འདས་སུ་གྲོལ་བའོ། ། དགེའོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com