དུམ་བུར་གཏུབ་པའི་སྟོན་པ་བཞུགས་པའི་སྔགས་ཁང་།

རྩོམ་པ་པོ།:ཤེས་རབ་བསྟན་དར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-07 10:04:00 ཀློག་གྲངས།:

དུམ་བུར་གཏུབ་པའི་སྟོན་པ་བཞུགས་པའི་སྔགས་ཁང་།
------ར་མོ་ཆེ་གཙུག་ལག་ཁང་།

       ར་མོ་ཆེ་ནི་རྒྱ་བཟས་བཞེངས་པའི་གཙུག་ལག་ཁང་སྟེ། འདིའི་མིང་གཞན་ལ་རྒྱ་ སྟག་ར་མོ་ཆེ་ཡང་ཟེར། ར་མོ་ཆེ་ཞེས་པ་རྒྱ་བཟས་སྟོན་པའི་སྐུ་ལ་དར་གྱི་ར་བ་ཆེན་པོས་བསྐོར་བས་ན་ར་མོ་ཆེ་དང་། རྒྱ་མོས་བཏབ་པས་ན་རྒྱ་བཏབ་ཅེས་པ་རྒྱ་སྟག་ཏུ་འགྱུར་བའམ། རྒྱ་ཡི་སྟག་ནམ་མཁར་འཕྱོ་བ་ལྟ་བུ་ཡོད་པས་རྒྱ་སྟག་ཟེར་ཅེས་པར་བཤད་ཚུལ་འགའ་ཡོད་ཅིང་། ད་ལྟ་བལ་བཟའ་ཁྲི་བཙུན་གྱི་རྟེན་སྐལ་ཇོ་བོ་མི་བསྐྱོད་རྡོ་རྗེ་སོགས་སྐུ་གསུང་ཐུགས་རྟེན་གང་མང་བཞུགས། འོ་ན་བལ་བཟས་གདན་དྲངས་པའི་སྐུ་འདི་ཅིའི་ཕྱིར་རྒྱ་བཟའི་ལྷ་ཁང་ནང་དུ་བཞུགས་པ་ཡིན་ནམ།
        རྒྱ་བཟའ་ཀོང་ཇོ་ནི་ཐང་གི་སྲས་མོ་ཞིག་ཡིན་ལ། གོང་མའི་སྲས་མོ་ཟེར་དུས་མང་བོ་ཞིག་གིས་རིགས་ཀྱི་སྲས་མོར་ངོས་འཛིན་གྱིན་ཡོད། འོན་ཀྱང་སྲས་མོ་དེ་ཐོབ་ཅིང་ཡིན་ལ་གོང་མའི་ཕོ་བྲང་གི་ནང་དུ་དེའི་འདྲ་བའི་ཐོབ་ཐང་ཡོད་པའི་ན་ཆུང་མཛེས་མ་ཤིན་ཏུ་མང་། ལ་ལ་ཞིག་བཙུན་མོའི་གོ་ས་མ་ཐོབ་པས་སྲས་མོའི་ཐོབ་ཐང་གིས་རྒྱལ་ཁབ་གཞན་ལ་བག་མར་འགྲོ་བའང་ཡོད། དེ་དག་མང་བོ་ཞིག་རྒྱལ་ཁབ་ཀྱི་ཆེད་དུ་རྒྱལ་ཁབ་གཞན་དུ་བག་མར་འགྲོ་བཞིན་ཡོད། རྒྱ་བཟའ་ཀོང་ཇོ་ཡང་དེ་ལྟ་བུ་ཞིག་ཡིན་ལ། རིགས་རུས་ཀྱི་ཆ་ནས་གོང་མར་ཆེས་ཉེ་བ་ཞིག་ཀྱང་ཡིན།
        སྲོང་བཙན་གྱིས་རྒྱ་བཟའ་དང་བལ་བཟའ་བསུ་བའི་གྲོས་འདོན་མཁན་མགར་དང་ཐོན་མི་གཉིས་ཡིན་ལ། དེ་ལྟར་གྲོས་འདོན་པའི་རྒྱུ་མཚན་མཐའི་རིག་གནས་ཐབས་ཀྱིས་བོད་ལ་འདྲེན་པའི་ཆེད་དུ་ཡིན་པ་ལས། མཛེས་མ་ཞིག་གི་ལང་ཚོ་ལ་ཆགས་པ་གཏན་ནས་ཡིན་མི་སྲིད། རྒྱ་བཟའ་བོད་དུ་བསུ་བའི་ལོ་རྒྱུས་ལ་ཉམས་དགའ་ཞིང་ངུ་བྲོ་བའི་གཏམ་རྒྱུད་སྣ་ཚོགས་ཤིག་ཡོད།
       རྒྱ་བཟའ་བོད་དུ་ཕེབས་པ་ནི་བལ་བཟའ་བོད་དུ་ཕེབས་པ་ལྟ་བུའི་བདེ་བླག་ཅིག་གཏན་ནས་མ་བྱུང་ཏེ། ཐང་རྒྱལ་རབས་ལ་མཚོན་ན་བོད་ཀྱི་གཡུལ་བཟློག་པའི་ཆེད་དང་བོད་ལ་མཚོན་ན་རྒྱའི་རིག་གནས་བོད་དུ་འདྲེན་པར་དམིགས་ཡོད་པས་སྲས་མོ་ཞིག་གི་སྟེང་དུ་དམིགས་ཡུལ་མི་འདྲ་བ་གཉིས་བཟུང་ཡོད། དེ་བས་ཁོང་མི་འདོད་བཞིན་དུ་བོད་དུ་ཕེབས་དགོས་བྱུང་ལ། ལམ་ནས་ཀྱང་རྒྱལ་བོའི་ཞལ་ངོ་མ་མཐོང་གོང་དུ་བུ་ཞིག་སྐྱེས་པའི་མི་ཁ་ཡང་འཁོར། ལྷ་སར་སླེབས་དུས་སུས་ཀྱང་ཁ་ཡ་མ་བྱས་པར་ཕྱིར་ཕེབས་པའི་སྦྱོར་བའང་བརྩམས་མྱོང་།
       ཡིན་ན་ཡང་། སུ་ཞིག་གིས་བཤད་པ་ཡིན་ནམ། མཁྱེན་པ་ཡངས་པའི་ལོ་རྒྱུས་པ་ཞིག་གིས་རྗེ་བཙུན་སྒྲོལ་མའི་རྣམ་འཕྲུལ་དུ་བཞེངས་པ་དེས་ཁོང་གི་མིག་ཆུ་དང་དཀའ་སྡུག་ཡོད་ཚད་བསུབ། ཡིན་ཡང་ཁོང་ནི་མཁྱེན་པ་ཡངས་པའི་བུད་མེད་མཛངས་མ་ཞིག་ཡིན་པས་ཅུང་མ་འགོར་བར་བཙུན་མོ་ཁྲོད་ནས་དོ་ཟླ་མེད་པ་ཞིག་ཏུ་གྱུར། མོས་བོད་ཀྱི་ལམ་ལུགས་མང་བོ་བཅོས་བསྒྱུར་བྱས་ཏེ་བོད་མི་གདོང་ལ་འཚལ་བྱུགས་པ་དང་ཕོ་ཆས་མོ་ཆས་དང་ཕོ་མོའི་ལས་ཀ་ཁམས་དང་བསྟུན་ནས་འབྱེད་པར་མཛད། ལྷག་པར་མོས་སྦྱངས་པའི་རིག་གནས་དེས་རྒྱལ་བློན་བཙུན་མོ་དག་གིས་ཡིད་ཀྱང་དབང་མེད་དུ་བཀུག ལྷག་པར་མོས་བོད་ཡིག་ལ་འབད་པས་སྦྱངས་ཏེ་ལོ་ཙཱ་བྱས་ཤིང་རྒྱ་ནག་ནས་རིག་གནས་བསྒྱུར་བའི་སྦྱིན་བདག་ཀྱང་བྱས། མོ་དང་བལ་བཟས་བོད་ལ་བཞག་པའི་བྱས་རྗེས་ལ་བཙུན་མོ་གཞན་སུས་ཀྱང་འགྲན་དུ་མེད་ཅིང་མོའི་མཛངས་པ་ཀུན་གྱིས་ཁས་བླངས་ནས་མཛངས་མིར་བགྲང་ན་ཡང་། ཁོང་གིས་རྒྱལ་བོ་ལ་སྲས་པོ་མཁྱེན་རྒྱ་ཡངས་པ་ཞིག་འབུལ་མ་ཐུབ་པས་མཛངས་མི་ཕྱེད་ཀའི་ཆོ་ལོ་ལས་ཐོབ་མེད།
       ར་མོ་ཆེ་གཙུག་ལག་ཁང་དེ་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་སྐབས་གདན་འདྲེན་པའི་ཇོ་བོ་ཤཱཀྱ་མུ་ནེ་ཤིང་རྟ་འཁོར་ལོའི་ཐོག་བཞུགས་ནས་ལྷ་སའི་བྱང་ངོས་ཀྱི་ཐང་ཆེན་དུ་འབྱོར་སྐབས་འཁོར་ལོ་འདམ་རྫབ་ཏུ་ཚུད་ནས་ལུས་པས་ཇོ་བོའི་སྐུའི་ཕྱོགས་བཞིར་ཀ་བ་བཙུགས་ནས་ཡོལ་བ་དང་། མཆོད་པ་ཕུལ་ཅིང་། མོས་སྤོར་ཐང་གི་རྩིས་བྱས་པས་ས་འདི་ཀླུའི་ཕོ་བྲང་ཡིན་ཞིང་ཇོ་བོ་འདིར་བཞུགས་པ་དེ་ཀླུའི་ཁ་གནོན་དུ་ཤེས་ནས་རྒྱ་བོད་ཀྱི་བཟོ་བོ་མཁས་པ་མང་བོ་བསྐོངས་ཏེ་ལོ་གཅིག་ཙམ་ལ་གཙུག་ལག་ཁང་བཞེངས་ནས་གྲུབ། ཀོང་ཇོ་ཤར་ཕྱོགས་ཙི་ནའི་ཡུལ་ནས་ཕེབས་པ་མཚོན་ཕྱིར་གཞུང་སྒོ་ཤར་ཏུ་གཏད།
       རྗེས་སུ་རྒྱ་དམག་བོད་དུ་སླེབས་པས་ཇོ་བོ་ཤཱཀྱ་མུ་ནེའི་རྒྱས་འཁྱེར་བར་དོགས་ནས་རྒྱ་བཟའི་རྟེན་སྐལ་གྱི་ཇོ་བོ་ཤཱཀྱ་མུ་ནེ་དང་བལ་བཟའི་རྟེན་སྐལ་གྱི་ཇོ་བོ་མི་བསྐྱོད་རྡོ་རྗེ་གཉིས་ཀྱི་བཞུགས་ཡུལ་བརྗེས་ཏེ། ར་མོ་ཆེ་གཙུག་ལག་ཁང་ལ་ཇོ་བོ་མི་བསྐྱོད་རྡོ་རྗེ་བཞུགས་སུ་གསོལ་བ་རྒྱ་རྣམས་ཀྱིས་སྔ་དྲོ་གཅིག་གི་སར་འཁྱེར་ཟེར། འོན་ཀྱང་མང་སྲོང་གི་སྐབས་སུ་ཐང་དམག་ལྷ་ས་འཇོམས་པར་ཡོང་བའི་ལམ་དུ་མགར་ཁྲི་འབྲིང་གིས་ཕམ་པར་བྱས། སྐབས་དེར་ལྷ་སར་དངངས་དོགས་ཆེན་པོ་ཞིག་བྱུང་ནས་བརྗེ་བར་མངོན་ཞིང་། སྐབས་དེར་བོད་དམག་ཐང་དམག་འགོག་ཏུ་ཕྱིན་པའི་གོ་སྐབས་ཤིག་དང་བསྟུན་ནས་ནང་ཁུལ་དུ་རྒྱ་དམག་ལ་བརྫུན་པའི་དམག་ལྡོམ་སྐོར་ཅིག་སླེབས་ནས་པོ་ཏ་ལ་མེར་བསྲེགས་ཤིང་ཇོ་བོ་མི་བསྐྱོད་རྡོ་རྗེ་འཁྱེར་བ་འདྲ།
       རྗེས་སུ་སྐྱིད་ཆུའི་འཇིགས་པ་བྱུང་བས་རྒྱུད་ཆེན་ཀུན་དགའ་དོན་གྲུབ་དེ་རང་སར་ཞི་བར་བྱས་པའི་བདག་རྐྱེན་ལ་ར་མོ་ཆེ་གནང་བས། རྒྱུད་སྟོད་གྲྭ་འདི་རུ་སྤོས་ཏེ་དེ་ནས་བཟུང་རྒྱུད་སྟོད་གྲྭ་ཚང་གི་བཞུགས་གནས་གཙོ་བོར་གྱུར། རིམ་བཞིན་རྒྱ་བསྐྱེད། སྔོན་ཆད་དགེ་འདུན་བདུན་བརྒྱ་ལྷག་གིས་གསང་སྔགས་ཉམས་སུ་བཞེས་པའི་ལོ་རྒྱུས་ཡོད།
       རིག་གནས་གསར་བརྗེའི་སྐབས་རིན་ཐང་བྲལ་བའི་རིག་གནས་ཕལ་ཆེར་རྩ་མེད་དུ་བཏང་། ཇོ་བོ་མི་བསྐྱོད་རྡོ་རྗེ་དུམ་བུ་གཉིས་སུ་བཅད་ནས་སྐུ་སྟོད་པེ་ཅིན་ཏུ་འཁྱེར། ར་མོ་ཆེ་ཉམས་གསོ་བྱེད་དུས་སྐུ་སྨད་ལས་སྐུ་སྟོད་མ་རྙེད་པས་སྐུ་སྟོད་གསར་དུ་བཞེངས། པཎ་ཆེན་རིན་པོ་ཆེའི་ཐུགས་འཁུར་ཟབ་བཞེས་ཀྱིས་དཀའ་བ་དུ་མ་ཁྱད་དུ་བསད་ནས་བཙལ་མཐར་སྐུ་སྟོད་དེ་པེ་ཅིང་གི་ཕོ་བྲང་ཀུའུ་ཀུང་ནས་རྙེད་བྱུང་། བོད་དུ་གདན་དྲངས་ནས་སྐུ་སྟོད་སྨད་ལྷན་དུ་འཛོམས་པ་བྱུང་སྟེ་སྔར་བཞིན་ར་མོ་ཆེ་གཙུག་ལག་ཁང་དུ་བཞུགས་སུ་གསོལ།
       ལོ་རྒྱུས་འདི་དག་དྲན་བཞིན་མཇལ་དུས་བདག་གི་ཡིད་ནི་སྐྱོ་བ་ལས་དད་པ་ཞེས་པ་དེ་ཡང་གར་སོང་མ་ཤེས། ར་མོ་ཆེ་ལ་མཇལ་ནས་ར་སྐོར་ལས་སྒོར་འབུད་དུས། སྒོ་བྱང་ཆེན་པོ་ཞིག་ཏུ། ལོ་རྒྱུས་ཀྱི་ཁ་ཕྱོགས་འགྱུར་མཚམས། ཉམས་མེད་ཀྱི་མཛད་རྗེས་རྡོ་རིང་།————བོད་ཞི་བས་བཅིང་བཀྲོལ་བཏང་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྗེས་དྲན་ཞུ་ཞེས་པའི་ཡོལ་བ་ཆེན་པོ་ཞིག་གི་མདུན་དུ་རྒྱ་མི་སྐོར་ཞིག་གིས་འདྲ་ལེན་པ་མཐོང་བྱུང་།
        ཡིན་ན་ཡང་། བདག་ལ་འདྲ་པར་ལེན་པའི་སེམས་པ་ཞིག་ཡེ་ནས་མ་བྱུང་། སྐབས་འདིར་བདག་ལ་བྱུང་བ་ནི་ཇོ་བོ་མི་བསྐྱོད་རྡོ་རྗེ་སོག་ལེས་གཏུབ་པ་ལྟ་བུའི་འཇིགས་རུང་གི་གྲིབ་མ་ནག་པོ་ཞིག་ཀྱང་སྐྱེས་ལ་བདག་གི་ལུས་གཏུབ་པ་ལྟ་བུའི་སྐྱི་གཡའ་བའི་སྣང་བ་ཞིག་ཀྱང་བྱུང་སོང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།