སྐྱེས་རབས་སོ་བཞི་པའི་བྱུང་བ་མདོར་བསྡུས།

རྩོམ་པ་པོ།:ནོར་བཟང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-08 11:30:00 ཀློག་གྲངས།:
      རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་སྟོན་པའི་གཞུང་མཆོག་ཏུ་གྱུར་བ་སྐྱེས་རབས་སོ་བཞི་པ་ཞེས་ཡོངས་སུ་གྲགས་པའི་ཐེག་པ་ཆེན་པོའི་བསྟན་བཅོས་འདི་མཛད་པ་པོ་ནི་མཁས་མཆོག་དཔའ་བོ་ཞེས་སྲིད་པ་གསུམ་ན་ཡོངས་སུ་གྲགས་པ་དེ་ཡིན་ལ། བདག་ཉིད་ཆེན་པོ་དེ་ནི་ཡབ་བྲམ་ཟེ་སངྒ་གུ་ཧྱ་ཞེས་པ་དང་། ཡུམ་གསེར་མིག་མའམ་བདེ་ལྡན་མ་གཉིས་ཀྱི་སྲས་སུ་ཁ་ཆེའི་ཡུལ་ཤྭེ་ཀེ་ཏ་ཀ་ཞེས་བྱ་བར་ངོ་མཚར་བའི་ལྟས་དང་བཅས་འཁྲུངས། མཚན་ལ་དཔའ་ཆེན་དགའ་བ་བདུད་རྩིའི་བུམ་པ་ཅན་ཞེས་གསོལ། དེ་ནས་ཡི་གེ་འབྲི་ཀློག་ལ་སྦྱངས་པས་གཟིགས་པ་ཙམ་གྱིས་ཐོགས་པ་མེད་པར་མཁྱེན་ཅིང་རིག་གནས་གང་དང་གང་ལའང་བློ་གྲོས་ཐོགས་པ་མེད་པར་འཇུག་པ་ཞིག་བྱུང་བས། བློ་གྲོས་ཆེ་བའི་ཚུལ་ལ་ཀུན་གྱིས་བསྔགས་ཏེ་མ་ཏི་ཙི་ཏྲ་ཞེས་མིང་དུ་བཏགས། དེ་ནས་རིགས་དང་མཐུན་པར་བྲམ་ཟེའི་རིག་བྱེད་བཞི་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་ཅིང་། དེའི་ཚེ་རིག་བྱེད་འདོན་པ་ལ་སྐད་ཀྱི་གདངས་ཤིན་ཏུ་སྙན་པས་རྟ་དབྱངས་ཞེས་མིང་དུ་གྲགས། དེ་ནས་ཡུལ་དེ་ན་གནས་པའི་ནང་པ་སངས་རྒྱས་པ་རྣམས་རྩོད་པས་ཕམ་པར་བྱས་ཏེ་འགའ་ཞིག་མུ་སྟེགས་པའི་གྲུབ་མཐའ་ལ་བཙུད། འགའ་ཞིག་ཡུལ་གཞན་དུ་སྤྱུགས་ཏེ་ཕྱོགས་དེའི་སངས་རྒྱས་ཀྱི་བསྟན་པ་ནུབ་པར་བྱས་སོ།། མུ་སྟེགས་པའི་ནང་དུའང་དབང་ཕྱུག་ལ་སྐྱབས་སུ་བཟུང་སྟེ་རྟག་པར་སྨྲ་བ་རྣམས་མ་གཏོགས་མུ་སྟེགས་པའི་གྲུབ་མཐའ་སྨྲ་བ་གཞན་མང་པོ་ཞིག་ཀྱང་ཚར་བཅད་པས་མུ་སྟེགས་ཐུབ་དཀའ་ནག་པོ་ཞེས་མིང་དུ་གྲགས་སོ།། ཐུབ་དཀའ་ནག་པོའི་མ་དེ་སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་གུས་པས་ཡིད་མི་དགའ་བར་གྱུར་ཏེ། འདི་ནཱ་ལེནྡྲར་བཏང་ན་མཁས་པ་རྣམས་ཀྱིས་ཚར་བཅད་དེ་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པ་སྲིད་དོ་སྙམ་ནས་ཁྱོད་ཀྱིས་ཚར་བཅད་པའི་སངས་རྒྱས་པ་དེ་དག་ནི་མཐའ་འཁོབ་ཀྱི་ཡུལ་ན་གནས་པ་ཆུ་ཐིགས་ཙམ་དུ་ཟད་ཀྱི། ཡུལ་དབུས་ན་གནས་པའི་སངས་རྒྱས་པ་ནི་རྒྱ་མཚོ་ཆེན་པོ་དང་མཚུངས་སོ་ཞེས་གསུངས་པས། མུ་སྟེགས་ཐུབ་དཀའ་ནག་པོ་དེ་ཉིད་ཀྱང་ཡུལ་དབུས་སུ་ཕྱིན་ཏེ་དཔལ་ནཱ་ལེནྡྲར་བཞུགས་པའི་མཁས་པ་རྣམས་དང་རྩོད་པ་བྱས་ནས་དེ་དག་ཕམ་པར་བྱའོ་སྙམ་པའི་སྐབས་དེར་ལྷོ་ཕྱོགས་དཔལ་གྱི་རི་ན་བཞུགས་པའི་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱང་དེར་རྟ་དབྱངས་འདུལ་བའི་ཕྱིར་ཕེབས། དེ་ནས་ཡུལ་དེའི་རྒྱལ་པོ་དཔང་དུ་བཞག་སྟེ་སུ་ཕམ་པ་དེ་རྩོད་པ་གང་རྒྱལ་བའི་ཕྱོགས་ཀྱི་བསྟན་པ་ལ་འཇུག་པར་བྱས། མཐར་སློབ་དཔོན་ཨཱརྱ་དེ་བས་མུ་སྟེགས་རྟག་པར་སྨྲ་བའི་གྲུབ་མཐའ་ངན་པ་དག་དྲི་མ་མེད་པའི་རིགས་པ་སྟོང་གིས་ཕམ་པར་བྱེད་པའི་ཚེ་རིགས་པ་ཕྲ་མོ་རྣམས་ལ་རྟ་དབྱངས་ཀྱིས་ལན་མ་ཐེབས་པས་རྟ་དབྱངས་རྩོད་པའི་རིགས་པས་ཕམ། ད་རྫུ་འཕྲུལ་འགྲན་ཟེར་བས་རྫུ་འཕྲུལ་ཡང་ཕམ་སྟེ། མཐར་ཡུལ་དེའི་རྒྱལ་པོས་རྟ་དབྱངས་དེ་ཉིད་སངས་རྒྱས་ཀྱི་བཀའ་སྡེ་སྣོད་མང་པོ་བཞུགས་པའི་གཙུག་ལག་ཁང་ཞིག་ཏུ་བཅུག་ནས་སྒོ་ལ་ལྕགས་གཟེར་གྱིས་བཏབ་སྟེ་བཞག་པས། རྟ་དབྱངས་སྐྱོ་སྟེ་མདོ་རྒྱུད་བསྟན་བཅོས་རྣམས་ལ་བལྟས་པས་རང་གི་གྲུབ་མཐའི་གཏིང་རུལ་བའི་རྟགས་ཡང་དག་པར་ཤེས་ཤིང་། ལྷག་པར་འཇམ་དཔལ་རྩ་རྒྱུད་ཀྱི་གླེགས་བམ་བཀླགས་པས་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་དང་། རང་ཉིད་ཀྱང་ལུང་བསྟན་པའི་ཚུལ་རྣམས་མཐོང་བས་རྒྱལ་བའི་བཀའ་ལ་སྙིང་ཐག་པ་ནས་ཡིད་ཆེས་ཏེ་ལས་རྒྱུ་འབྲས་ཀྱི་ཆོས་ཟབ་མོ་ལ་སྐུར་བ་བཏབ་པའི་རྣམ་སྨིན་ལ་ནི་འཇིགས། སྔར་བྱ་བ་མ་ཡིན་པ་བྱས་པ་ལ་ནི་སྙིང་ཐག་པ་ནས་འགྱོད། སངས་རྒྱས་བཅོམ་ལྡན་འདས་ཉག་གཅིག་ནམ་ཡང་བསླུ་བ་མེད་པའི་སྐྱབས་སུ་ངེས་ནས་སློབ་དཔོན་ཀླུ་སྒྲུབ་ཀྱི་སྤྱན་སྔ་ནས་རབ་ཏུ་བྱུང་སྟེ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ལུང་དང་མན་ངག་ཐམས་ཅད་ཀྱི་མཛོད་འཛིན་པ་མཁས་མཆོག་དཔའ་བོ་ཞེས་སྲིད་པ་གསུམ་ན་ཡོངས་སུ་གྲགས་པར་གྱུར་ཏོ།། དེ་ནས་རྨི་ལམ་དུ་འཕགས་མ་སྒྲོལ་མས་ལུང་བསྟན་ཏེ། ཁྱོད་ཀྱིས་སངས་རྒྱས་ལ་བསྟོད་པ་མང་དུ་གྱིས་ཤིག །སྔོན་ཆོས་ལ་བརྟེན་ནས་བསགས་པའི་ལས་ཀྱི་སྒྲིབ་པ་བྱང་བར་འགྱུར་རོ་ཞེས་གསུངས་ཏེ་བསྐུལ་བས། བཤགས་པའི་དོན་དུ་བསྔགས་པས་བསྟོད་པ་མང་པོ་བརྩམས་ཤིང་ཁྱད་པར་སྟོན་པ་ཐུབ་པའི་དབང་པོས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་བྱང་ཆུབ་ཏུ་ཐུགས་བསྐྱེད་ནས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་ཇི་ལྟར་སློབ་པར་མཛད་པའི་སྐྱེས་རབས་སོ་གཉིས་འདི་ཚིག་སྦྱོར་དང་སྙན་དངགས་ཀྱི་མེ་ཏོག་འདབ་མ་རབ་ཏུ་རྒྱས་ཤིང་དྲི་ཞིམ་ལ་ཁ་དོག་མཚར་བའི་སྙིམ་པས་བཟུང་སྟེ། ཟེའུ་འབྲུ་ལ་བདུད་རྩིའི་སྙིང་པོའི་བཅུད་ཆགས་པ་གུས་པས་གཏེགས་སྟེ་བརྩམས་སོ།།

      བསྟན་བཅོས་འདི་ཉིད་སྔོན་བྱོན་འཕགས་བོད་ཀྱི་སྐྱེས་བུ་དམ་པ་རྣམས་དང་ཁྱད་པར་བཀའ་གདམས་གོང་མའི་བླ་མ་རྣམས་ཀྱིས་ཉམས་ལེན་གྱི་མཐིལ་དུ་མཛད་ཡུལ་བཀའ་གདམས་གཞུང་དྲུག་གི་ནང་ཚན་དུ་གསུངས་ཤིང་། ཆོས་དང་ལྡན་པའི་གཏམ་གྱིས་རབ་ཏུ་དགའ་བར་འགྱུར། དད་པར་འགྱུར། ཚེ་འདི་ལ་བློ་ལོག་ནས་འཇིག་རྟེན་ཕྱི་མ་དོན་གཉེར་དང་། སྲིད་པའི་ཕུན་ཚོགས་མཐའ་དག་ལས་ཡིད་ལོག་སྟེ་ཐར་པ་དོན་གཉེར་དང་། རྒྱལ་བའི་མཛད་པ་བཟང་པོའི་རྗེས་སུ་ཞུགས་ཏེ་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་རྣམས་ལ་སློབ་པར་འགྱུར་བ་དང་། བསླབས་ནས་ས་ལམ་རིམ་གྱིས་བགྲོད་དེ་སྤངས་རྟོགས་ཁྱད་པར་གསུམ་ལྡན་གྱི་བདེ་བར་གཤེགས་པའི་གོ་འཕང་ཐོབ་པར་འགྱུར་རོ་ཞེས་གསུངས། སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་སོ་བཞིའི་བསྟན་བཅོས་འདིའི་འགྲེལ་བ་ཡོངས་འཛིན་པཎྜི་ཏ་ཆེན་པོ་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ་སོགས་འགའ་ཞིག་ཡོད་ཀྱང་མ་དཔེ་དཀོན་པ་དང་ཤིན་ཏུ་རྒྱས་པས་འདིར་བཀོད་མི་ནུས་ཀྱང་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༧གོང་ས་རྒྱལ་བའི་དབང་པོ་བཀའ་དྲིན་མཚུངས་མེད་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་ར་མོ་ཆེ་གཙུག་ལག་ཁང་སམ་རྒྱུད་སྟོད་གྲྭ་ཚང་ཉམས་གསོས་མཛད་པའི་སྐབས་ཁོང་རང་ཉིད་ནས་སློབ་དཔོན་དཔའ་བོས་མཛད་པའི་རྒྱ་གཞུང་ལ་ཁུངས་བཅོལ་ནས་ཚིག་ལྷུག་ལ་ཕབ་པ་རྒྱས་བཏབ་ར་མོ་ཆེའི་གཙུག་ལག་ཁང་གི་ལྡེབས་བྲིས་སྐྱེས་རབས་སོ་བཞི་པའི་ཞལ་བྱང་ཟུར་དུ་བཀོལ་བ་མཐོང་བ་དོན་ལྡན་ཞེས་བྱ་བ་ཤིན་ཏུ་བསྡུས་ལ་གོ་བདེ་བ་དེ་ཉིད་བདག་དང་བདག་འདྲ་བའི་རྨུ་རྒོད་ཅན་རྣམས་ལ་ཕན་པ་ཅུང་ཙམ་བསྒྲུབ་ཕྱིར་རིམ་པས་འགོད་རྒྱུ་ཡིན་པས་གཟིགས་གནང་ཡོད་པ་ཞུ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།