《ཆུང་བ་ནི་ཆེས་མཛེས་པ་ཡིན》ཞེས་པ་ལས་བསྒྱུར་བའི་ནང་བསྟན་དཔལ་འབྱོར་རིག་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-26 09:25:00 ཀློག་གྲངས།:
      སྟབས་བདེ་དང་དྲག་སྤྱོད་མ་འདྲེས་པའི་སྤྱོད་པ་གཉིས་ལ་འབྲེལ་བ་ཟབ་མོ་ཞིག་ཡོད་པ་མངོན་གསལ་རེད། ཆེས་ཕུལ་བྱུང་དུ་གྱུར་པའི་འཚོ་བ་རོལ་སྟངས་ནི་ཆེས་ཉུང་བའི་འཛད་སྤྱོད་ལས་འདོད་དོན་ཡོངས་སུ་མཚོན་པར་བྱས་ཤིང་། མི་རྣམས་ཀྱི་འཚོ་བར་གནོན་ཤུགས་དང་ཛ་དྲག་གི་ཚོར་བ་མེད་པར་གཏོང་བར་མ་ཟད། ད་དུང་ནང་བསྟན་གྱི་ཆོས་ཁྲིམས་ཀྱི་སྔོན་འགྲོ་སྟེ། "སྡིག་སྤོངདགེ་སྒྲུབ"ཀྱི་བྱ་བ་ཡང་ལག་བསྟར་བྱེད་ཐུབ། དངོས་པོའི་ཐོན་ཁུངས་ལ་ཕྱོགས་ཀུན་ནས་ཚད་བཟུང་ཞིང་། མི་རྣམས་ཀྱིས་ཐོན་ཁུངས་ཚུལ་མཐུན་ངང་བེད་སྤྱོད་བྱས་ཏེ་རང་གི་དགོས་མཁོ་བསྐངས་པ་ཡིན་ན། ཐོན་ཁུངས་འབོར་ཆེན་ལ་བརྟེན་པའི་མི་རྣམས་ཀྱིས་ཕན་ཚུན་བར་དགྲ་བོ་ལྟ་བུའི་འདུ་ཤེས་འཛིན་པ་དེ་ཡང་མེད་འགྲོ་བ་མངོན་གསལ་རེད། དེ་བཞིན་དུ་ཚད་མཐོ་ས་ནས་འཚོ་བ་རང་མཁོ་རང་སྒྲུབ་བྱེད་པའི་ས་ཆ་འདི་ལྟ་བུ་ཡང་འཛམ་གླིང་ཚོང་དོན་ཁྱབ་ཁོངས་ལ་གཏོགས་པའི་མི་རྣམས་དང་འདྲ་བར་གཞི་རྒྱ་ཆེ་བའི་དྲག་སྤྱོད་ཀྱི་ནང་དུ་འདི་འདྲའི་ཚུད་སླ་བ་ཞིག་ཀྱང་ཡིན་མི་སྲིད།
      དེའི་རྐྱེན་གྱིས་ནང་བསྟན་དཔལ་འབྱོར་རིག་པའི་དགོངས་དོན་ལྟར་བཤད་ན། ས་ཆའི་ཐོན་ཁུངས་ཀྱི་ཐོན་སྐྱེད་སྤྱད་དེ་ས་ཆའི་དགོས་མཁོ་སྐོང་བ་ནི་ཆེས་ལུགས་མཐུན་གྱི་དཔལ་འབྱོར་སྒྲུབ་སྟངས་ཤིག་ཡིན་གྱི། ཐག་རིང་གི་ནང་འདྲེན་ལ་བརྟེན་ཅིང་ཐག་རིང་གི་རྒྱུས་མེད་དག་ལ་ཐོན་རྫས་ཕྱིར་འཚོང་བྱེད་པ་ནི་ཧ་ཅང་དཔལ་འབྱོར་མ་ཡིན་པའི་སྒྲུབ་སྟངས་ཤིག་སྟེ། གནས་ཚུལ་ཁྱད་པར་ཅན་གྱི་འོག་ཏུ་ད་གཟོད་ཚད་དམའ་བའི་སྒོ་ནས་བྱེད་ཐབས་དེ་རིགས་སྤྱད་དེ་ཐོན་སྐྱེད་ཙམ་བྱེད་ཆོགཔ་ལས་རྟག་པར་མི་རུང་ངོ་།། དེང་རབས་དཔལ་འབྱོར་རིག་པ་བས་ཀྱང་ཁྱིམ་དང་ལས་ཀ་ལས་སའི་ས་གནས་བར་དུ་ཚད་མཐོ་བའི་སྐྱེལ་འདྲེན་བཀོད་སྒྲིག་བྱེད་དགོས་པ་དེས་འཚོ་བའི་ཆུ་ཚད་མཐོ་བ་དེ་མི་མཚོན་པར་དེ་ལས་ལྡོག་སྟེ་འཚོ་བའི་ཆ་རྐྱེན་ཁྲོད་ཀྱི་ཆག་སྒོ་ཞིག་མཚོན་པ་ཁས་ལེན་བྱེད། ནང་བསྟན་དཔལ་འབྱོར་རིག་པ་བས་ཀྱང་དེ་མཚུངས་སུ་ཐག་རིང་གི་ཐོན་ཁུངས་བཀོལ་ནས་རང་གི་འདོད་པ་སྐོང་བ་དེས་ཕམ་ཁ་ཞིག་ལས་རྒྱལ་ཁ་ཞིག་མཚོན་མི་ཐུབ་པར་འདོད། འདོད་ཚུལ་སྔ་མས་རྒྱལ་ཁབ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་དངོས་པོ་ཏུན་རེ་རེ་སྐྱེལ་འདྲེན་བྱས་པའི་ལམ་ཐག་དེ་དབྱིན་ལེ་ཇི་ཙམ་ཇེ་རིང་གྱུར་པ་དེ་བསྡོམས་རྩིས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་སུ་ཕྱིན་པར་བདེན་དཔང་བྱེད་མོད། ཕྱི་མས(ནང་བསྟན་དཔལ་འབྱོར་རིག་པ་བ)བལྟས་ན། བསྡོམས་རྩིས་བྱེད་སྟངས་འདིས་ནི་འཛད་སྤྱོད་བྱེད་སྟངས་དེ་ཇེ་སྡུག་ཏུ་ཕྱིན་ཏེ་ཐ་ན་དགའ་བསུ་བྱེད་མཁན་ཡེ་ནས་མེད་པའི་ཚད་དུ་བསླེབས་པ་མཚོན་ཡོད་པར་འདོད་དོ།།
      དེང་རབས་དཔལ་འབྱོར་རིག་པ་བ་དང་ནང་བསྟན་དཔལ་འབྱོར་རིག་པ་བའི་བར་དུ་ཁྱད་པར་གཟེངས་སུ་ཐོན་པ་ཞིག་ནི་རང་བྱུང་ཐོན་ཁུངས་ཀྱི་བཀོལ་སྤྱོད་ཐད་ན་ཡོད། ཧྥ་རན་སིའི་མིང་དུ་གྲགས་པའི་ཆབ་སྲིད་མཚན་ཉིད་རིག་པ་བ་པའེ་ཐྲི་ལན་རྡི་ཏེ་ཀྲུའུ་ཝུན་ནའོ་ཡིས་ཀྱང"ནུབ་ཕྱོགས་པ"ཡི་སྐད་ཆ་ཞིག་དཔེར་བཀོད་ནས་དེས་དེང་རབས་དཔལ་འབྱོར་རིག་པ་བ་དྲང་བདེན་གྱིས་རི་མོར་བྲིས་པར་བཤད་ཆོག་སྟེ། "མི་ཤུགས་ལས་གཞན་པའིདངོས་པོ་ཅི་ཞིག་ཡིན་ཡང་འཕྲོ་བརླག་ཅིག་ཏུ་མི་བརྩི་ཞིང་། གཏེར་རྫས་ཀྱི་རྒྱུ་ཆ་ཅི་ཙམ་འཕྲོ་བརླག་སོང་ཡང་དེར་དོགས་སྣང་ཅི་ཡང་མེད། ལྷག་པར་དུ་སེམས་ཅན་གསོན་པོ་ཅི་ཙམ་ཞིག་བརླག་ཀྱང་དེར་དོ་སྣང་ཅི་ཡང་མེད། དེས་མི་ཡི་ཚེ་སྲོག་ནི་ཚེ་སྲོག་གི་རྣམ་པ་མི་འདྲ་བ་མང་བོ་ཞིག་གིས་གྲུབ་པའི་སྐྱེ་ཁམས་ཆགས་ཚུལ་གྱི་ནང་གསེས་ཙམ་ཡང་ཕལ་ཆེར་རྟོགས་ཀྱིན་མེད། འཛམ་གླིང་གྲོང་ཁྱེར་ནས་དབང་བསྒྱུར་བྱེད་ཅིང་། གྲོང་ཁྱེར་ནས་མིའི་མི་ལས་གཞན་པའི་ཚེ་སྲོག་གི་རྣམ་པ་མཐའ་དག་ལོགས་སུ་བཀར་པས་སྐྱེས་ཁམས་ཀྱི་མ་ལག་གཅིག་མཚུངས་སུ་གཏོགས་པའི་འདུ་ཤེས་མི་འཛིན་པས། ལྟ་ཚུལ་འདིས་མཐར་ང་ཚོ་ཁ་འབྲལ་ཐབས་མེད་པའི་ཆུ་དང་ནགས་ཚལ་སོགས་སྐྱེས་དངོས་མང་བོ་ཞིག་རྩ་བ་ནས་བརླག་པའི་ཕྱོགས་སུ་ཁྲིད་པ་རེད"ཅེས་གསུངས་སོ།།
      དེ་ལས་ལྡོག་པར་སངས་རྒྱས་ཀྱི་བསྟན་པའི་སྙིང་བོ་ནི་མི་རྣམས་ལ་སྲོག་ལྡན་སེམས་ཅན་ཙམ་མ་ཡིན་པར་སྲོག་མེད་རྩི་ཤིང་གི་རིགས་ལ་ཡང་གཅེས་སྤྲས་དང་དགའ་ཞེན་བྱེད་དགོས་པར་གསུངས་ཡོད་པས་སྟོན་པའི་རྗེས་འཇུག་པ་རྣམས་ཀྱིས་ལོ་ཤས་རེ་བཞིན་སྡོང་བོ་རེ་བཙུགས་ཏེ་རྩ་བ་ཡོངས་སུ་མ་རྒྱས་བར་དུ་བདག་སྐྱོང་བྱེད་པས། ནང་བསྟན་དཔལ་འབྱོར་རིག་པས་ནི་ཚད་གཞི་འདི་ལ་་ཡོངས་ཁྱབ་ཀྱིས་བརྩི་འཇོག་བྱས་ན་ད་གཟོད་ཡང་དག་པའི་དཔལ་འབྱོར་གྱི་འཕེལ་རྒྱས་ཚད་མཐོན་པོ་ཞིག་འབྱུང་ཐུབ་པར་མ་ཟད། ཕྱི་ཕྱོགས་ཀྱི་རོགས་སྐྱོར་གང་ལ་ཡང་བརྟེན་མི་དགོས་པ་དེ་གོ་བདེ་མོ་ཞིག་གསལ་བཤད་བྱེད་ཐུབ་ཅིང་། ཁོ་ཚོས་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ(འཛམ་གླིང་གི་ས་ཆ་གཞན་པ་མང་བོ་ཞིག་དང་འདྲ་བར)གྱི་དཔལ་འབྱོར་གྱི་ཉམས་རྒུད་ནི་རྩི་ཤིང་ནགས་ཚལ་ལ་ཆེད་དུ་ཚད་མཐོ་བའི་གཏོར་བརླག་བྱས་པ་དང་འབྲེལ་བ་ཡོད་ངེས་པར་འདོད་དོ། །
      དེང་རབས་དཔལ་འབྱོར་རིག་པ་བ་དག་གིས་སླར་ཡང་སྐྱེ་རྒྱུ་ཡོད་པ་དང་མེད་པའི་མ་བཅོས་རྒྱུ་ཆའི་ཁྱད་པར་མི་འབྱེད་དེ་དེའི་བྱེད་ཐབས་ནི་སྒོར་མོའི་རིན་ཐང་གིས་དངོས་པོ་ཡོད་ཚད་ཀྱི་རིན་ཐང་དང་སྤུས་ཚད་གཞལ་པས་སོ། །དཔེར་ན། བཀོལ་ཆོག་པའི་འབར་རྫས་སྣ་ཚོགས་ཏེ། རྡོ་སོལ་དང་། རྡོ་སྣུམ། ཤིང་ཆ། ཆུ་ཤུགས་སོགས་ལྟ་བུ་ཡང་། དེང་རབས་དཔལ་འབྱོར་རིག་པ་བས་དེ་དག་གི་ཚད་གཞི་འདྲ་མཉམ་ཡིན་པའི་ལྟོས་བཅས་ཀྱི་མ་རྩའི་ཁྱད་པར་ཙམ་ལས་ཅི་ཡང་མི་མཐོང་བས།(等效单位的相对成本)རིན་གོང་ཆེས་དམའ་བ་ནི་རང་ཤུགས་ཀྱིས་རང་གི་གདམ་བྱ་ཡིན་ལ། དེ་ལྟར་མ་བྱས་ན་གནས་ལུགས་དང་མི་མཐུན་ཅིང"དཔལ་འབྱོར་མ་ཡིན་པར"འདོད། དེ་བཞིན་ནང་བ་བ་ཞིག་གི་མིག་གིས་བལྟས་ན་དེ་ལྟར་བྱེད་མི་འོས་པ་ནི་བཤད་ག་ལ་དགོས། སླར་སྐྱེ་མེད་པའི་འབར་རྫས་ཏེ་དཔེར་ན་རྡོ་སོལ་དང་རྡོ་སྣུམ། སླར་སྐྱེ་ཡོད་པའི་འབར་རྫས་ཏེ་དཔེར་ན་ཤིང་ཆ་དང་ཆུ་ཤུགས་ལྟ་བུ་སྟེ། དེ་གཉིས་བར་གྱི་རང་བཞིན་གྱི་ཁྱད་པར་ལ་སྣང་མེད་བྱེད་མི་རུང་། སླར་སྐྱེ་མེད་པའི་དངོས་རྫས་དེ་མི་བཀོལ་ཐབས་མེད་ཀྱི་གནས་ཚུལ་འོག་ད་གཟོད་བཀོལ་དགོས་པར་མ་ཟད། ད་དུང་ངེས་པར་དུ་ཧ་ཅང་གྲོན་ཆུང་བྱེད་པ་དང་། ལྷག་པར་བདག་དམ་བཟང་བོ་བྱེད་དགོས་པ་ལས། སེར་སྣ་མེད་པ་དང་ཚད་ལས་བརྒལ་པར་བཀོལ་བ་ནི་རྩུབ་སྤྱོད་ཀྱི་རིགས་སུ་གཏོགས། རྟག་པར་ས་སྒང་འདིའི་སྟེང་དུ་དྲག་པོ་གཏན་ནས་མ་ཡིན་པའི་སྤྱོད་པ་ཞིག་མངོན་འགྱུར་ཡོང་བའི་ངེས་པའང་མེད་མོད། འོན་ཀྱང་ནམ་ཡང་ཕ་རོལ་བོའི་འགུལ་སྐྱོད་ཡོངས་རྫོགས་དེ་རྩུབ་སྤྱོད་མ་ཡིན་པའི་ཕྱོགས་སུ་ཁྲིད་པའི་ལས་འགན་གཡོལ་མེད་ཅིག་རང་ཉིད་ལ་ཡོད་པར་འདོད་ཡོད།
      གལ་ཏེ་ཡོ་རོབ་གླིང་གི་སྒྱུ་རྩལ་དངོས་རྫས་རྩ་ཆེན་ཡོངས་རྫོགས་གོང་མཐོན་པོ་བྱས་ཏེ་ཨ་རི་བ་ལ་བཙོང་བ་ཡིན་ན། ཡོ་རོབ་གླིང་གི་དེང་རབས་དཔལ་འབྱོར་རིག་པ་བ་དག་གིས་ཀྱང་ཉོ་ཚོང་འདི་ནི་དཔལ་འབྱོར་གྱི་གྲུབ་འབྲས་ཆེན་པོ་ཞིག་ཏུ་བརྩི་མི་སྲིད། དེ་དང་འདྲ་བར་ནང་བསྟན་དཔལ་འབྱོར་རིག་པ་བས་ཀྱང་སྡོད་དམངས་ཀྱི་འཚོ་བ་ནི་སླར་སྐྱེ་མེད་པའི་འབར་རྫས་ཀྱི་རྨང་གཞིའི་སྟེང་གཞི་ཚུགས་པར་བྱེད་པ་ནི་གཞན་བརྟེན་འཚོ་བ་ཡིན་ལ། འཁེན་ས་ནི་མ་རྩ་ཡིན་གྱི་ཡོང་འབབ་མིན་པའི་ལྟ་བ་རྒྱུན་འཁྱོངས་བྱེད་ལ། དེ་ལྟ་བུའི་འཚོ་སྟངས་དེ་ལ་རྒྱུན་སྐྱོང་ཐུབ་པའི་རང་བཞིན་ཅི་ཡང་མེད་པས། སྐབས་བསྟུན་གྱི་འཆར་གཞི་ཙམ་ལས་གཞན་ཅི་ཡང་མིན། དེའི་སྟབས་ཀྱིས་འཛམ་གླིང་གི་སླར་སྐྱེས་མེད་པའི་འབར་རྫས(རྡོ་སོལ། རྡོ་སྣུམ།རང་བྱུང་སོལ་རླངས།)ཁྱབ་ཚུལ་ཆ་མཉམ་པོ་ཞིག་ཡེ་ནས་མེད། དེ་བས་མུ་མཐུད་དུ་སྔོགས་འདོན་བྱེད་པ་ནི་རང་བྱུང་ལ་གཏོར་བརླག་བྱེད་པའི་དྲག་སྤྱོད་རིགས་ཤིག་ཡིན་ལ། དེས་ཕལ་ཆེར་མི་དང་མི་རྣམས་ཀྱང་འཇིགས་སུ་རུང་བའི་འགྲན་རྩོད་ཀྱི་ཕྱོགས་སུ་ཁྲིད་ངེས་སོ། །
      ཐ་ན་ནང་བའི་རྒྱལ་ཁབ་ཁྲོད་སྲོལ་རྒྱུན་གྱི་ཆོས་ལུགས་དང་བསམ་བློའི་ཚད་གཞི་ལ་དོ་སྣང་ཅི་ཡང་མེད་པར་ཆེས་མཐོ་བའི་མགྱོགས་ཚད་ཀྱིས་དེང་རབས་དཔལ་འབྱོར་རིག་པའི་ཤུགས་ངོམས་རིང་ལུགས་པའི་ལམ་ལུགས་ཤེས་པར་འདོད་པའི་མི་རྣམས་ལ་མཚོན་ནས་བཤད་ན། གོང་དུ་བཤད་པའི་དོན་དངོས་འདི་ཁོ་ནས་ཀྱང་ཁོ་ཚོར་བསམ་བློ་ཞིག་མི་གཏོང་ཀ་མེད་དུ་གཏོང་སྟེ། ཁོ་ཚོས་ནང་བསྟན་དཔལ་འབྱོར་རིག་པ་འདི་སྔར་སོང་རྗེས་དྲན་ལྟ་བུའི་ཕུགས་འདུན་རིགས་ཤིག་ཏུ་མ་མཐོང་ཞིང་། ཡང་རྩ་བ་ནས་ཡོངས་སུ་མ་སྤངས་པའི་སྔོན་དེར་ཁོ་ཚོས་ད་དུང་དེང་རབས་དཔལ་འབྱོར་རིག་པས་རི་མོར་བཏབ་པའི་དཔལ་འབྱོར་འཕེལ་རྒྱས་གྱི་འགྲོ་ལམ་དེས་རང་ཉིད་ཀྱིས་སེམས་གཏིང་ནས་རེ་བ་བྱེད་པའི་གནས་མཆོག་དེར་ཁྲིད་ཐུབ་མིན་ལ་བསམ་བློ་ཞིག་གཏོང་སྲིད། ཅ་ཀྲུའུ་བཟོ་རིགས་སློབ་གླིང་གི་སློབ་དཔོན་ཆེན་མོ་ཧ་ལེ་སིན་པུ་ལེང་གིས་རང་གི་བློ་སྟོབས་ཀྱིས་བརྩམས་པའི《མིའི་རིགས་ཀྱི་མ་འོངས་པའི་འགྲན་སློང་》ཞེས་པའི་དེབ་ཏུ་ཚོད་རྩིས་འདི་འདྲ་ཞིག་བྱས་ཡོད་དེ། "དེའི་སྟེང་ནས་ཤེས་པ་ནི་གལ་ཏེ་བཟོ་ལས་སྤྱི་ཚོགས་ཧ་ཅང་བདེ་འཇགས་ཤིག་མིན་ཚེ་ཞིང་ལས་འཚོ་བ་སླར་གསོ་བྱེད་པར་བློ་ཁ་ཕྱོགས་པ་ཇི་བཞིན། དེའི་ནང་ནས་འདོན་སྤྲོད་བྱས་པའི་མི་སྒེར་རང་དབང་གི་ཆ་རྐྱེན་ཡང་ཧ་ཅང་གཏན་པོ་ཞིག་མིན་པས། ཐོན་སྐྱེད་རྒྱུན་ཆད་པའི་རྩ་འཛུགས་དང་གཅིག་བསྡུས་ཀྱི་དབང་ཆ་ལ་ཚོད་འཛིན་བྱེད་པའི་ཆ་རྐྱེན་འབྱུང་བར་གཡོལ་ཐབས་བྲལ། དངོས་གནས། ང་ཚོས་དབྱེ་ཞིབ་བྱས་ཏེ་བཟོ་ལས་རང་བཞིན་གྱི་ཤེས་རིག་གི་ཆགས་འཇིག་ལ་འཇིགས་ཉེན་གྱི་དཀའ་ངལ་སྔོན་དཔག་བྱེད་ཐུབ་སྐབས། ཇི་ལྟར་བྱས་ན་ད་གཟོད་གཏན་འཇགས་དང་མི་སྒེར་གྱི་རང་དབང་གཉིས་ཀ་འགལ་མེད་མཉམ་གནས་ཡོང་བ་རྒྱུན་འཁྱོངས་ངང་མངོན་གྱུར་བྱེད་ཐུབ་མིན་དེ་ཧ་ཅང་ཤེས་དཀའ"ཞེས་སོ།།
      གལ་ཏེ་རྒྱང་རིང་བའི་ལྟ་ཚུལ་འདི་ལ་བསམ་བློ་མི་གཏོང་ན་ཡང་མིག་སྔར་ཡང་གཤམ་གྱི་གནད་དོན་འདི་དག་ལྷགས་ཡོད་དེ། དེང་སྐབས་དེང་རབས་ཅན་འདིར། ཆོས་ལུགས་དང་བསམ་བློའི་ཚད་གཞི་ཇི་འདྲ་ཞིག་ཡིན་ན་ཡང་འདོད་བློ་ཚིམ་པའི་ཕན་ནུས་ཤིག་བསྐྲུན་ཐུབ་བམ། རྒྱ་ཆེ་བའི་མང་ཚོགས་ལ་མཚོན་ནས་བཤད་ན། འབྲས་བུ་ནི་དཀའ་ངལ་རང་བཞིན་ཅན་ཞིག་སྟེ། ཞིང་སྡེའི་དཔལ་འབྱོར་རྩ་འཐོར་དང་། ཞིང་གྲོང་གི་ལས་ཤོར་ཇེ་མང་། གྲོང་ཁྱེར་གྱི་ལྟེ་བ་ནས་ཀྱང་སྦྱོང་བརྡར་གྱི་གོ་སྐབས་མི་རེག་པའི་གྲལ་རིམ་འོག་མའི་མི་གྲངས་ཇེ་མང་རེད།
      ཉེ་སྔོན་གྱི་ཉམས་མྱོང་དང་རྒྱུན་རིང་བའི་འཕེལ་རྒྱས་ཀྱི་རེ་འདུན་གཞིར་བཟུང་ནས་ཐ་ན་དཔལ་འབྱོར་གྱི་འཕེལ་རྒྱས་དེ་བསམ་བློའམ་ཆོས་ལུགས་ཚད་གཞི་ལས་ཀྱང་གལ་ཆེ་བར་འཛིན་པའི་མི་ཚོར་ནང་བསྟན་ལ་ཞིབ་འཇུག་བྱེད་པར་གྲོས་གཞི་འདོན་ཆོག འདི་ནི"དེང་རབས་ཀྱི་འཕེལ་རྒྱས་ཛ"དང"སྲོལ་རྒྱུན་ལྟར་རང་གནས་སུ་སྡོད་པ"གང་འདེམས་ཀྱི་གནད་དོན་ཞིག་མ་ཡིན་པར། ཡང་དག་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་བ་ཡིན་ལ། ཤུགས་ངོམས་རིང་ལུགས་པའི་བྱུང་རྒྱལ་དང་སྲོལ་རྒྱུན་རིང་ལུགས་པའི་བརྟན་འཇགས་གཉིས་བར་གྱི"དབུ་མའི་ལམ"འཚོལ་བ་ཡང་ཡིན། གོ་བདེ་བར་བཤད་ན་དེ་ནི"ཡང་དག་པའི་འཚོ་བ"འཚོལ་བའི་གནད་དོན་ཞིག་ཡིན་ནོ།།

ཞེས་པ་འདི་ནི་དབྱིན་ཇིའི་དཔལ་འབྱོར་ཆེད་མཁས་པ་སྐུ་ཞབས་ཧྲུ་མ་ཧོ་ཡི《ཆུང་བ་ནི་ཆེས་མཛེས་པ་ཡིན》ཞེས་པ་ལས་བཏུས་ཏེ་བསྒྱུར་བའོ།།
2011ལོའི་ཟླ11པའི་ཚེས29ཉིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།