ཀུན་བཟང་བླ་མའི་ཞལ་ལུང་ལས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ།

རྩོམ་པ་པོ།:རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-13 10:10:00 ཀློག་གྲངས།:
    ཤེས་རབ་ཆེན་པོས་མྱང་འདས་མངོན་དུ་མཛད། །སྙིང་རྗེ་ཆེན་པོས་འཁོར་བ་དང་དུ་བླངས། །ཐབས་ལ་མཁས་པས་འཁོར་འདས་དབྱེར་མེད་རྟོགས། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གཉིས་པ་ཐེག་ཆེན་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཁྲིད་ལ་གསུམ། ཚད་མེད་བཞིའི་བློ་སྦྱོང་བ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། སྨོན་འཇུག་གི་བསླབ་བྱ་བཟུང་བའོ། །དང་པོ་ཚད་མེད་བཞིའི་བློ་སྦྱོང་བ་ལ། སྤྱིར་བྱམས་པ་དང་སྙིང་རྗེ་དགའ་བ་བཏང་སྙོམས་བཞི་ལས། ཐོག་མར་བྱམས་པ་ནས་སྨོས་ཀྱང༌། འདིར་ཉམས་སུ་བླངས་ནས་རིམ་པ་བཞིན་བློ་སྦྱོང་བའི་ཚེ། །དང་པོ་བཏང་སྙོམས་ནས་མ་སྦྱངས་ན། བྱམས་པ་དང་སྙིང་རྗེ་སོགས་ཕྱོགས་རིས་ཅན་དུ་ཤོར་ནས་རྣམ་པར་དག་པ་ཞིག་མི་འོང་བ་ཡིན་པས། དེས་ན་དང་པོ་བཏང་སྙོམས་ནས་བློ་སྦྱོང་བ་ཡིན། བཏང་སྙོམས་ཞེས་བྱ་བ་ནི། དགྲ་ལ་ཞེ་སྡང་བཏང༌། གཉེན་ལ་དགའ་གདུང་བཏང༌། སེམས་ཅན་ཐམས་ཅད་ལ་ཉེ་རིང་དང་ཆགས་སྡང་མེད་པར་སྙོམས་པ་ལ་བཏང་སྙོམས་ཞེས་བྱ། ད་ལྟའི་གནས་སྐབས་ན་ཕ་མ་དང་གཉེན་འདུན་ལ་སོགས་རང་ཕྱོགས་ལ་ཤིན་ཏུ་ཆགས། དགྲ་དང་དེའི་ཕྱོགས་ལ་སྡང་ཞེན་མི་བཟད་པར་བྱེད་པ་འདི་ཡང་མ་བརྟགས་པའི་སྐྱོན་ཡིན། ཚེ་རབས་སྔ་མ་རྣམས་སུ་ད་ལྟའི་དགྲ་འདི་རྣམས་ཀྱིས་ཀྱང་རང་གི་གཉེན་བྱས་ནས་བརྩེ་བས་འགྲོགས། མཐུན་པས་བསྐྱངས། ཕན་བཏགས་པ་ཡང་བསམ་གྱིས་མི་ཁྱབ། ད་ལྟ་གཉེན་དུ་བརྩི་བ་འདི་རྣམས་ཀྱང་ཚེ་རབས་སྔ་མ་ལ་རང་གི་དགྲར་གྱུར་ཏེ་གནོད་པ་བྱས་པ་ཡང་དུ་མ་ཡོད་པ་སྔར་བཤད་པ་ལྟར། འཕགས་པ་ཀ་ཏྱཱ་ནས། ཕ་ཤ་ཟ་ཞིང་མ་ལ་རྡེག །ལས་ངན་དགྲ་བོ་པང་ན་བཟུང༌། །ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོ། །ཞེས་གསུངས་པ་ལྟར་དང༌། དེར་མ་ཟད་སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་མོ་ལྷ་ལྕམ་པདྨ་གསལ་ཞེས་བྱ་བ་དགུང་ལོ་བཅུ་བདུན་ལོན་པ་ཞིག་འདས་སྐབས། ཆོས་རྒྱལ་གྱིས་སློབ་དཔོན་རིན་པོ་ཆེ་ལ། བདག་གི་སྲས་མོ་ལྷ་ལྕམ་འདི་ལས་དག་པ་ཞིག་ཀྱང་ཡིན་པ་འདྲ་སྟེ། བདག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བུ་མོར་སྐྱེས། ཁྱེད་ལོ་པཎ་སངས་རྒྱས་དངོས་ལྟ་བུ་འདི་ཙམ་གྱི་ཞལ་མཇལ་བ་ཡིན། འོན་ཀྱང་ཚེ་ཐུང་ངུ་འདི་ལྟ་བུ་འབྱུང་བ་ཇི་ལྟར་ལགས། ཞུས་པས། སློབ་དཔོན་གྱི་ཞལ་ནས་ཁྱེད་ཀྱི་སྲས་མོ་ལྷ་ལྕམ་འདི་ལས་དག་པས་ཁྱེད་ཀྱི་སྲས་མོར་སྐྱེས་པ་ཅི་ཡང་མིན། སྔོན་པདྨ་བདག་དང་ཆོས་རྒྱལ་ཆེན་པོ་བོ་དྷི་སཏ་རྣམས་རིགས་ངན་གྱི་བུ་གསུམ་དུ་སྐྱེས་ནས། མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་བཞེངས་པའི་སྐབས་སུ་ལྷ་ལྕམ་འདི་སྦྲང་བུ་ཏྲེ་མ་ཞིག་གི་ལུས་བླངས་ནས་ཡོད་པས། རྒྱལ་པོ་ཉིད་ཀྱི་རྩེའུ་ཆུང་ལ་ཟོས་པའི་ཚེ། རྒྱལ་པོས་དྲན་མེད་དུ་ཕྱག་གིས་བྱ་བས་པས་སྦྲང་བུ་ཤི་བར་གྱུར་པ་དེའི་ཚེ་སྲོག་གི་ལན་ཆགས་ཀྱིས་ཁྱེད་ཀྱི་སྲས་མོས་སྐྱེས་པ་ཡིན་གསུངས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་རྗེ་བཙུན་འཇམ་དཔལ་དབྱངས་དངོས་ལ་དེ་ལྟ་བུའི་ལན་ཆགས་ཀྱི་བུ་རྒྱུད་ཡོད་ན་སྐྱེ་བོ་གཞན་ལ་ལྟ་ཡང་ཅི་སྨོས། དེས་ན་ད་ལྟ་རང་རེ་ཕ་མ་དང་བུ་རྒྱུད་དུ་འབྲེལ། བརྩེ་གདུང་དང་འདུན་པ་བསམ་གྱིས་མི་ཁྱབ་པ་བྱེད། དེ་ལ་སྡུག་བསྔལ་དང་མི་འདོད་པ་བྱུང་ན་རང་ལ་བྱུང་བ་ལས་ཀྱང་ཐུ་བའི་མྱ་ངན་འབྱུང་བ་རྣམས་ཀྱང༌། སྔོན་གཅིག་གིས་གཅིག་ལ་གནོད་པ་བསྐྱལ་བའི་ལན་ཆགས་འཁོར་བ་ཤ་སྟག་ཡིན། ད་ལྟར་རང་གི་དགྲ་རུ་གྱུར་པ་འདི་རྣམས་ཀྱང་ཚེ་རབས་སྔ་མ་རྣམས་སུ་ཕ་མ་མ་བྱས་པ་ནི་སུ་ཡང་མེད། ད་ལྟ་ཡང་དགྲ་ལ་དགྲར་བཟུང་ཡང་དེས་རང་ལ་གནོད་པའི་ངེས་པའང་མེད་དེ། རང་གིས་དགྲར་བཟུང་ཡང་དེས་ཚུར་ལ་དགྲར་མི་འཛིན་པ་དང༌། དགྲར་འཛིན་ཀྱང་གནོད་པ་སྐྱེལ་མི་ནུས་པ་ཡང་ཡོད་ལ། འཕྲལ་དུ་གནོད་པ་བསྐྱལ་ཡང་དེའི་རྒྱུས་རང་གི་ཚེ་འདིའི་སྙན་གྲགས་འཕེལ་བ་དང༌། དམ་པའི་ཆོས་དང་མཇལ་བ་སོགས་མཐར་ཐུག་གི་ཕན་བདེར་འགྱུར་བ་ཡང་ཡོད། རང་གི་ཐབས་ཀྱིས་དེའི་ཡིད་དང་བསྟུན་ནས་འཇམ་པོའི་ཚིག་གིས་ཤད་སྤྱངས་ཏེ་མཐུན་པར་བྱས་ན། གཉེན་དུ་འགྱུར་བ་ལ་ཡང་ཚེགས་མེད། དེ་བཞིན་དུ་ད་ལྟ་གཉེན་དུ་བཟུང་བ་རྣམས་ཀྱང་བུ་ཚས་ཕ་མ་བསླུས་པ་དང་གསོད་པ་སོགས་བྱེད་པ་ཡང་ཡོད་ཅིང༌། རང་དང་མི་མཐུན་པའི་འགལ་ཟླ་རྣམས་དང་བསྡོངས་ནས། དེའི་ཕྱོགས་བཟུང་སྟེ་ནོར་འཕྲོག་རྩོད་པ་འགྱེད་པ་སོགས་དུ་མ་ཡོད་པ་དང༌། གལ་ཏེ་མཐུན་པ་ལྟར་ཡོད་ན་ནི། དེ་ལ་སྡུག་བསྔལ་དང་མི་འདོད་པ་སོགས་བྱུང་ན་རང་ལ་བྱུང་བ་ལས་ཀྱང་ཐུ་བའི་སྡུག་སྔལ་མྱོང་བ་དང༌། གཉེན་དང་བུ་ཚ་ལ་སོགས་པ་དེ་དག་གི་ཆེད་དུ་སྡིག་རླབས་པོ་ཆེ་བསགས་ནས་ཕྱི་མ་དམྱལ་བར་འཕེན་པ་དང༌། རང་གི་ཆོས་ཡང་དག་པ་ཞིག་བསྒྲུབ་པར་འདོད་ཀྱང་དེ་དག་གིས་བཤོལ་འདེབས་པ་དང༌། ཕ་མ་དང་བུ་བརྒྱུད་སོགས་བློས་མ་ཐོང་བས་ཆོས་ཕྱི་བཤོལ་དུ་ལུས་ནས་བསྒྲུབ་ལོང་མི་འབྱུང་བ་སོགས་དགྲ་ལས་ཀྱང་ཐུ་བའི་གནོད་པ་སྐྱེལ་བ་ཡིན། དེ་བཞིན་དུ་སྐྱེ་བ་ཕྱི་མ་ཕན་ཆད་ལ་ཡང་ད་ལྟ་རང་གིས་དགྲར་འཛིན་པ་འདི་དག་རང་གི་བུ་རྒྱུད་དུ་སྐྱེ་བ་དང༌། གཉེན་རྣམས་དགྲར་སྐྱེ་བ་སོགས་ངེས་པ་མེད། དེས་ན་དགྲ་གཉེན་གྱི་སྣང་བ་སྐད་ཅིག་མ་འདི་ལ་བདེན་པར་བཟུང་ནས་ཆགས་སྡང་གིས་ལས་ངན་བསགས། རང་ཉིད་ངན་སོང་གི་གཏིང་རྡོ་བྱེད་པ་ཞིག་བྱས་པ་ལ་དགོས་པ་ཅི་ཡོད། དེས་ན་རང་གིས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཕ་མ་དང་བུ་ཚའི་འདུ་ཤེས་ཉེ་བར་བཞག་སྟེ། སྔོན་གྱི་དམ་པ་གོང་མའི་རྣམ་ཐར་བཞིན་དགྲ་གཉེན་མཉམ་པ་ཉིད་དུ་བལྟ་བར་བྱའོ་སྙམ་དུ་བསམ་ཞིང༌། དང་པོ་རང་གི་ཡིད་ལ་ཤིན་ཏུ་མི་དགའ་ཞིང་ཁོང་ཁྲོ་དང་ཞེ་སྡང་སྐྱེ་བའི་ཡུལ་རྣམས་ལ་ཐབས་དུ་མའི་སྒོ་ནས་ཁོང་ཁྲོ་དང་ཞེ་སྡང་མི་སྐྱེ་བའི་ཚུལ་ལ་བློ་སྦྱངས་ནས། རང་བཞིན་གྱི་མི་ཕན་གནོད་གང་ཡང་མེད་པའི་བར་མ་རྣམས་དང་སྙོམས་པར་བྱ། དེ་ནས་བར་མ་རྣམས་ཀྱང་ཚེ་རབས་ཐོག་མ་མེད་པའི་དུས་ནས་རང་གི་ཕ་མ་བྱས་པ་ལ་གྲངས་ཀྱིས་མི་ཆོད་པ་སོགས་ལ་བསམས་ནས། ད་ལྟ་སྐྱེ་བ་འདིའི་ཕ་མ་དངོས་དང་འདྲ་བར་བརྩེ་གདུང་གི་བློ་མ་སྐྱེས་བར་དུ་བློ་སྦྱང་ཞིང་བསྒོམ། མཐར་དགྲ་གཉེན་བར་མ་གསུམ་གང་རུང་དུ་སྣང་བའི་སེམས་ཅན་ཐམས་ཅད་རང་གི་ཚེ་འདིའི་ཕ་མ་དང་ཁྱད་མེད་དུ་སྙིང་རྗེའི་བློ་མ་སྐྱེས་བར་དུ་བསྒོམ། དེ་ལྟར་མ་བྱུང་ན་རང་བཞིན་དུ་དགྲ་གཉེན་གང་ལ་ཡང་སྙིང་རྗེ་དང་ཞེ་སྡང་སོགས་མི་མི་སྐྱེ་བར་སྙོམས་པ་ཙམ་བྱུང་ཡང༌། དེ་ནི་ཕན་མེད་གནོད་མེད་གཏི་མུག་བཏང་སྙོམས་པ་ཞེས་བྱ་སྟེ་བཏང་སྙོམས་ཚད་མེད་པའི་གོ་མི་ཆོད། དེས་ན་བཏང་སྙོམས་ཚད་མེད་པ་དྲང་སྲོང་གི་མགྲོན་འགྱེད་པ་ལྟ་བུ་ཞིས་བྱ་བ། དཔེར་ན་དྲང་སྲོང་རྣམས་མགྲོན་ནམ་སྟོན་མོ་འགྱེད་པའི་ཚེ་མཐོ་དམན་དྲག་ཞན་བཟང་ངན་རབ་འབྲིང་ཐམས་ཅད་ལ་ཁྱད་མེད་པར་འགྱེད་པ་དང་མཚུངས་པར། ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོའི་ཡུལ་དུ་མཉམ་ཞིང་སྙོམས་པ་ཞིག་དགོས་པ་ཡིན་པས། དེ་ལྟར་མ་བྱུང་གི་བར་དུ་བློ་སྦྱང༌། དེ་ནས་བྱམས་པ་བསྒོམ་པ་ནི། དེ་ལྟར་བཏང་སྙོམས་ཚད་མེད་པར་བསྒོམས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བྱམས་པ་ཆེན་པོའི་ཡུལ་དུ་སྙོམས་པར་བྱས་པ་དེ་དག་ཐམས་ཅད་ལ་དམིགས་ནས། དཔེར་ན་བུ་ཚ་ཆུང་ངུ་ཕ་མས་སྐྱོང་བ་ན། བུ་དེས་ཚུར་ལ་ལོག་སྒྲུབ་བྱས་པ་དང་རང་གི་དཀའ་ཚེགས་ཐམས་ཅད་ཁྱད་དུ་བསད་དེ། བུ་དེ་བདེ་ཐབས་སྐྱིད་ཐབས་འཇམ་ཐབས་ཁོ་ན་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བརྩོན་པ་ལྟར་དུ། སེམས་ཅན་དེ་དག་ཚེ་འདི་དང་ཕྱི་མར་བདེ་བ་དང་ལེགས་པའི་ཐབས་སྣ་ཚོགས་ལ་རང་གི་ལུས་ངག་ཡིད་གསུམ་གྱི་འབད་པ་འདོན། སེམས་ཅན་དེ་དག་ཐམས་ཅད་ཀྱང་རང་བདེ་ན་སྐྱིད་ན་སྙམ་དུ་རང་གི་བདེ་སྐྱིང་ཁོ་ན་དོན་དུ་གཉེར་བ་ལས། མི་བདེ་བ་དང་སྡུག་བསྔལ་འདོད་པ་ནི་སུ་ཡང་མེད། འོན་ཀྱང་བདེ་བའི་རྒྱུ་དགེ་བ་སྒྲུབ་མི་ཤེས་པར། མི་དགེ་བ་བཅུ་ལ་ལོངས་སྤྱོད་པས་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་ནས་འདོད་པ་བདེ་བ་འདོད་ཀྱང་འོང་བ་སྡུག་བསྔལ་ཁོ་ན་འོང་བའི་སེམས་ཅན་འདི་ཐམས་ཅད། རང་རང་སོ་སོའི་འདོད་པ་ལྟར་བདེ་བ་དང་སྐྱིད་པ་ཁོ་ན་བྱུང་ན་ཅིམ་རུང་སྙམ་དུ་ཡང་དང་ཡང་དུ་བསྒོམ་ཞིང༌། མཐར་རང་ལ་བདེ་བ་འདོད་པ་ཅི་ལྟ་བར་སེམས་ཅན་ཐམས་ཅད་ལ་ཡང་བདེ་བ་ཁོ་ན་འདོད་པ་རང་དང་ཁྱད་མེད་དུ་མ་བྱུང་གི་བར་དུ་བསྒོམ། དེ་བཞིན་དུ་མདོ་སྡེ་དག་ལས། བྱམས་པའི་ལུས་ཀྱི་ལས་དང༌། བྱམས་པའི་ངག་གི་ལས་དང༌། བྱམས་པའི་ཡིད་ཀྱི་ལས་ཞེས་གསུངས་པ་ལྟར། ཁ་ཡིས་ཚིག་བཤད་ཀྱང༌། ལག་གིས་བྱ་བ་བྱེད་ཀྱང༌། སེམས་ཅན་གཞན་ལ་གནོད་པ་མེད་པར་དྲངས་ཤིང་བྱམས་པའི་ཚུལ་ཁོ་ན་བྱ། སྤྱོད་འཇུག་ལས། མིག་གིས་སེམས་ཅན་ལྟ་ན་ཡང༌། །དྲང་ཞིང་བྱམས་པའི་ཚུལ་གྱིས་བལྟ། །ཞེས་གསུངས་པ་ལྟར་ཐ་ན་མིག་གིས་སེམས་ཅན་གཞན་ལ་ལྟ་ན་ཡང༌། འཛུམ་ཞིང་ཡིད་དུ་འོང་བའི་ཚུལ་གྱིས་ལྟ་བ་ལས། སྡང་མིག་སོགས་ཁྲོ་བའི་ཚུལ་གྱིས་མི་བལྟ་སྟེ། སྔོན་མི་དཔོན་བཙན་པོ་གཞན་ལ་མིག་ལོག་ཁོ་ན་ལྟ་བ་ཞིག་ཡོད་པ། ཕྱིས་དུད་གཅིག་གི་མ་སྒྱེད་འོག་ཏུ་ལྷག་མ་ཟ་བའི་ཡི་དགས་སུ་སྐྱེས་པ་དང༌། འཕགས་པའི་གང་ཟག་ཁྱད་པར་ཅན་ལ་མིག་ལོག་བལྟས་པས། དམྱལ་བར་སྐྱེས་པར་གསུངས་པ་སོགས་ཡོད་པས། ལུས་ཀྱི་སྤྱོད་ལམ་ཐམས་ཅད་ཀྱང་འཇམ་ཞིང་ཡིད་དུ་འོང་བའི་སྒོ་ནས་གཞན་ལ་མི་གནོད་ཅིང་ཕན་གདགས་པ་ལྷུར་ལེན། ངག་གིས་ཚིག་གཅིག་སྨྲ་ཡང༌། དེ་གཞན་ལ་ཁྱད་གསོད་སུན་འབྱིན་ཟུར་ཟ་སོགས་མི་བྱ་བར། བདེན་པ་དང་སྙན་པར་སྨྲ། ཡིད་ཀྱི་སྒོ་ནས་ཀྱང་གཞན་ལ་ཕན་པར་བྱས་ན། དེའི་བཟང་ལན་འོང་དུ་རེ་བ་དང༌། སྤྱོད་ལམ་དང་ངག་འཇམ་སྨྲ་བ་སོགས་ཀྱིས། གཞན་གྱི་རང་ལ་བྱང་ཆུབ་སེམས་དཔར་མཐོང་ཐབས་ཀྱི་ཚུལ་འཆོས་བྱེད་པ་སོགས་མ་ཡིན་པར། སྙིང་ཐག་པ་ནས་གཞན་ལ་ཕན་པར་འདོད་པ་དང༌། བདེ་བ་འདོད་པ་ཁོ་ན་བྱ། བདག་སྐྱེ་བ་ནས་སྐྱེ་བ། ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་སེམས་ཅན་གཞན་གྱི་ཐ་ན་བ་སྤུའི་ཁུང་བུ་གཅིག་ཙམ་ལ་གནོད་པ་བྱེད་པ་མ་གྱུར་ཅིག །ཕན་འདོགས་པར་གྱུར་ཅིག་སྙམ་དུ་ཡང་ནས་ཡང་དུ་སྨོན་ལམ་གདབ། ཁྱད་པར་རང་ལ་བསྟེན་པའི་ངུད་འགྲོ་དང་འཁོར་གཡོག་ཐ་ན་སྒོ་ཁྱི་ཡན་ཆད་ལ་བརྡུང་རྡེག་དང་བཀོལ་སྤྱོད་ཀྱི་ཧ་ཅང་མནར་བ་སོགས་མི་བྱ་བར། དུས་དང་རྣམ་པ་ཐམས་ཅད་དུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱམས་པར་བྱ། ད་ལྟ་བྲན་ཁོལ་དང་སྒོ་ཁྱི་སོགས་སུ་སྐྱེས་ནས་ཐམས་ཅད་ཀྱིས་བརྙས་བཅོས་དང་སྡང་བ་སོགས་བྱེད་པ་འདི་རྣམས་ཀྱང་སྔོན་དབང་ཡོད་རེར་སྐྱེས་སྐབས་གཞན་ལ་ཁྱད་གསོད་དང༌། བརྙས་བཅོས་སོགས་བྱས་པའི་ལས་འབྲས་སྨིན་པ་དང་ལན་ཆགས་འཁོར་བ་ཡིན། ད་ལྟ་རང་ལ་ཐོབ་ཐད་དང་ལོངས་སྤྱོད་ཡོད་པ་རྒྱུ་མཚན་དུ་བྱས་ནས་གཞན་ལ་བསྙས་པར་བྱས་ན། སྐྱེ་བ་ཕྱི་མ་ལ་དེའི་ལན་ཆགས་འཁོར་ནས་རང་ཡང་གཞན་གྱི་བྲན་ཁོལ་སོགས་བྱེད་པར་འགྱུར་བ་ཡིན་པས་རང་ལས་དམན་པ་ལ་ལྷག་པར་ཡང་བྱམས་པར་བྱ། ཁྱད་པར་རང་གི་ཕ་མ་དང་གཞན་ཡུན་རིང་གི་ནད་པ་སོགས་ལ་སྒོ་གསུམ་གྱིས་ཕན་པར་བྱས་ཚད་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། ཇོ་བོ་རྗེ་ལྷ་གཅིག་གི་ཞལ་ནས། ཐག་རིང་གི་མགྲོན་པོ། ཡུན་རིང་གི་ནད་པ། ཕ་མ་སྒས་འཁོགས་སོགས་ལ་བྱམས་པར་བྱས་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒོམ་པ་དང་འདྲ་བར་གསུངས། ཁྱད་པར་ཕ་མ་ནི་བུ་ལ་ལྷག་པར་བརྩེ་ཞིང་དྲིན་ཆེ་བས་རྒས་པའི་དུས་ཕ་མའི་ཞེ་གཅོད་པ་ནི་སྡིག་པ་ལྷག་པར་དུ་ལྕི་ཞིང༌། བཅོམ་ལྡན་འདས་ཀྱིས་ཀྱང་ཡུམ་གྱི་དྲིན་ལན་བསབ་ཕྱིར་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་བྱོན་ནས་ཆོས་གསུངས། བུས་ཕྲག་པ་གཡས་གཡོན་གཉིས་སུ་ཕ་མ་གཉིས་ཁུར་ཏེ་ས་ཆེན་པོ་ལ་བསྐོར་བ་བྱེད་པ་ཙམ་གྱི་ཞབས་ཏོག་བསྒྲུབས་ཀྱང་ཕ་མའི་དྲིན་ལན་མི་འཁོར་ཞིང་ཕ་མ་ཆོས་ལ་བཙུད་ན་དྲིན་ལན་འཁོར་བར་གསུངས་པས། དུས་རྟག་ཏུ་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ཕ་མའི་ཞབས་ཏོག་བསྒྲུབ། བློ་ཆོས་ལ་འགྱུར་བའི་ཐབས་ལ་འབད། གཞན་ཡང་ཨོ་རྒྱན་ཆེན་པོས། རྒས་པ་ཡི་མུག་མ་འཇུག་བཀུར་སྟིས་སྐྱོངས། །ཞེས་གསུངས་པ་ལྟར། རང་ལས་རྒན་པ་ཐམས་ཅད་ལ་ལུས་ངག་གི་བྱམས་པ་བྱེད་ཅིད་ཡིད་ལ་ཅི་འཐད་ཀྱིས་སྐྱོངས། ལར་དེང་སང་རང་རེ་རྣམས་ནས་འཁོར་བའི་འདུག་ཆུས་སྒྲུབ་པ་ལ་སེམས་ཅན་ལ་གནོད་མི་བྱེད་པའི་ཐབས་མི་འདུག་ཟེར་ཀྱང་ཐབས་ཡོང་དེ། སྔོན་ལི་ཡུལ་དུ་དགེ་ཚུལ་གཉིས་ཀྱིས་འཕགས་པ་འཇམ་དཔལ་བསྒྲུབས་པས། འཇམ་དཔལ་གྱི་ཞལ་མཇལ་ཏེ། ང་དང་ཁྱེད་གཉིས་ལས་འབྲེལ་མེད། ཁྱེད་གཉིས་ཀྱི་ཚེ་རབས་ཀྱི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་ཡིན། སྤྱན་རས་གཟིགས་དེ་ད་ལྟ་བོད་ན་རྒྱལ་པོ་བྱེད་ཅིང་བཞུགས་ཡོད་པས་དེར་སོང་ཞིག་གསུངས། ཁོང་གཉིས་བོད་དུ་འོང་བས་ལྷ་སའི་ལྕགས་རིའི་རྒྱབ་ན། མི་མང་པོ་བསད་པ་དང་བཙོན་དུ་བཟུང་བ་མཐོང་ནས་འདི་རྣམས་ཅི་ཡིན་དྲིས་པས། རྒྱལ་པོས་ཆད་པ་བཅད་པ་ཡིན་ཟེར། རྒྱལ་པོ་དེ་སྤྱན་རས་གཟིགས་མིན་པར་འདུག །ངེད་གཉིས་ལ་ཡང་ཆད་པ་གཅོད་ལས་ཆེ་བས་བྲོས་པ་དྲག་སྙམ། ཁོང་གཉིས་བྲོས་འོང་བ་རྒྱལ་པོས་མཁྱེན་ནས་འབོད་མི་བཏང་ནས་མདུན་དུ་བོས། ཁྱེད་གཉིས་འཇིགས་མི་དགོས། བོད་དམུ་རྒོད་གདུལ་དཀའ་བས་ངས་ཆད་པས་བཅད་པའི་མི་བསད་པ་དང་གཏུབ་པ་སོགས་སྤྲུལ་པ་བྱས་པ་ཡིན་གྱི། དངོས་སུ་ང་རང་གིས་སེམས་ཅན་གཅིག་གི་བ་སྤུའི་ཁུང་བུ་ཙམ་ལ་ཡང་གནོད་པ་བསྐྱལ་བ་མེད་གསུངས། ཁོང་བོད་ཁ་བ་ཅན་གྱི་རྒྱལ་སྲིད་སྐྱོང་ཞིང་ཕྱོགས་ཀྱི་རྒྱལ་པོ་སྡེ་བཞི་མངའ་འོག་ཏུ་བསྡུས། མཐའ་ཡི་དམག་དཔུང་ཐམས་ཅད་བཏུལ་ཏེ་ཕྱོགས་ཀྱི་སོ་ཁ་བསྲུངས། དགྲ་འདུལ་གཉེན་སྐྱོང་གི་མཛད་པ་རྒྱ་ཆེན་པོ་དེ་ལྟ་བུ་མཛད་དགོས་ཀྱང་སེམས་ཅན་གཅིག་གི་བ་སྤུའི་ཁུང་བུ་ལ་ཡང་གནོད་པ་མ་བསྐྱལ་ན། ད་ལྟ་རང་རེའི་གཞིས་ངན་འབུ་ཚང་ལྟ་བུ་འདི་འཛིན་པ་ལ་སེམས་ཅན་ལ་གནོད་པ་མ་བསྐྱལ་བའི་ཐབས་མེད་པ་ག་ལ་ཡིན། སེམས་ཅན་ལ་གནོད་པ་བསྐྱལ་བས་གནོད་ལན་རང་ལ་འཁོར་ནས་ཚེ་འདི་དང་ཕྱི་མར་སྡུག་བསྔལ་མུ་མཐའ་མེད་པ་ལ་སྤྱོད་པའི་རྒྱུ་བྱེད་པ་ལས། ཚེ་འདི་ཙམ་དུ་ཡང་ཕན་པ་མི་འགྲུབ་སྟེ། མི་བསད་པ་ལ་སྟོང་དང༌། རྐུ་བྱས་པ་ལ་འཇལ་སྤྲོད་པ་སོགས་རང་གི་ནོར་དང་ལོངས་སྤྱོད་ཆུད་གཟན་པ་མ་གཏོགས། དེ་དག་ལ་བརྟེན་ནས་ལོངས་སྤྱོད་འགྲུབ་པ་ནི་སུ་ཡང་མི་འདུག་པའི་ཕྱིར་རོ། །དེས་ན་བྱམས་པ་ཚད་མེད་པ་བྱ་མས་བྱེའུ་གསོ་བ་ལྟ་བུ་ཞེས་བྱ་སྟེ། བྱ་མས་བྱེའུ་གསོ་བའི་ཚེ། དང་པོ་ཚང་འཇམ་ཞིང་བདེ་བར་བཅས། དེ་ནས་ཀྱང་གཤོག་པས་བཀབ། དྲོད་ལ་བཅར། སྤྱོད་ལམ་ཐམས་ཅད་འཇམ་པོའི་སྒོ་ནས་བྱེའུ་དེ་འཕུར་མ་སོང་གི་བར་དུ་སྐྱོང་བ་དང་འདྲ་བར། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱམས་པར་བྱ་བ་ལ་བསླབ་པར་བྱའོ། །དེ་ནས་སྙིང་རྗེ་བསྒོམ་པ་ནི། སྡུག་བསྔལ་དྲག་པོས་མནར་བའི་སེམས་ཅན་ཞིག་ལ་དམིགས་ནས་དེ་སྡུག་བསྔལ་གྱི་གནས་དང་བྲལ་བར་འདོད་པ་ཡིན། གང་ཞིག་ནག་ཅན་བཙོན་དོང་དུ་བཅུག་པ་དེ་ཉིད་མཐར་གསོད་དུ་ཉེ་བའམ། ཤན་པའི་མདུན་སར་དུད་འགྲོ་འཆི་ཁ་མ་ལྟ་བུའི་སེམས་ཅན་སྡུག་བསྔལ་དྲག་པོས་གདུང་བ་ཞིག་བློ་ཡུལ་དུ་བསམས་ལ། དེ་ལ་བརྩེ་བའི་ཡུལ་མ་དང་བུའི་འདུ་ཤེས་བསྐྱེད། ཅེས་གསུངས་པས། དཔེར་ན་ནག་ཅན་གྱི་བཙོན་པ་ཞིག་རྒྱལ་པོས་གསོད་སར་ཁྲིད་པའམ། བཤའ་ལུག་ཤན་པས་བཟུང་སྟེ་བཀྱིག་བཞིན་པ་སོགས་ལ་བལྟས་ནས། སེམས་ཅན་གཞན་དེ་དང་དེ་ཡིན་སྙམ་པའི་བློ་དེ་བོར་ནས། དེ་ང་རང་ཡིན་ན་ཇི་ལྟར་བྱེད་སྙམ་དུ་ཕ་རོལ་སྡུག་བསྔལ་མྱོང་བའི་སེམས་ཅན་དེ་ལ་རང་ཉིད་ཡིན་པའི་བློ་བཞག །ད་ཅི་བྱེད་བྲོས་ས་དང་གབས། སྐྱབས་དང་སྐྱོབ་པ་ནི་མེད། འབྲོས་ནི་མི་ནུས། འཕུར་ནི་མི་ཤེས། ཤེད་དང་དཔུང་གིས་རྒོལ་ནི་མི་ཐུབ། ད་ལྟ་སྐད་ཅིག་མ་འདིའི་བར་ལ་ཚེ་འདིའི་སྣང་བ་ཐམས་ཅད་དང་འབྲལ། ཐ་ན་གཅེས་པར་བསྐྱངས་པའི་ལུས་ཀྱང་ཤུལ་དུ་བཞག་ནས། ཚེ་ཕྱི་མའི་ལམ་པོ་ཆེར་འགྲོ་དགོས་པ་འདི་ཡ་རེང་སྙམ་པ་ལ་སོགས་དེ་དག་གི་སྡུག་བསྔལ་རང་ཐོག་ཏུ་བླངས་ནས་བློ་སྦྱང༌། ཡང་ན་བཤའ་ལུག་གསོད་སར་ཁྲིད་པ་ལྟ་བུ་ལ་བལྟས་ནས། འདི་ངའི་ཨ་མ་རྒན་མོ་དེ་ཡིན་ན་ཇི་ལྟར་བྱེད་སྙམ་དུ་དེ་ལ་ལུག་ཡིན་པའི་བློ་དེ་བོར་ནས། སྙིང་ཐག་པ་ནས་རང་གི་མ་རྒན་དེ་ཡིན་པར་བསྒོམ། ངའི་མ་རྒན་མོ་དེ་ཉེས་པ་ཅུང་ཟད་ཀྱང་མེད་པར་གཞན་གྱིས་འདི་ལྟར་གསོད་ན་ད་ཅི་བྱེད། ངའི་མ་རྒན་ལ་སྡུག་བསྔལ་ཅི་ལྟ་བུ་ཞིག་ཡོད་སྙམ་དུ་སྙིང་ཐག་པ་ནས་རང་རྒྱུད་ལ་བླང༌། དེར་མ་རྒན་མོ་དེ་འཕྲལ་དུ་ཤན་པས་གསོད་པའི་སྡུག་བསྔལ་ལས་ཐར་འདོད་སྙིང་བརྩེ་དུང་དུང་པ་སྐྱེས་ཙ་ན་འདི་སྙམ་དུ། ད་ལྟ་སྡུག་བསྔལ་མྱོང་བ་འདི་རང་གི་ད་ལྟའི་ཕ་མ་མིན་ཀྱང༌། སྐྱེ་བ་ནས་ཚེ་རབས་ཀྱི་ཕ་མ་ནི་ངེས་པར་ཡིན། ཕ་མར་གྱུར་ནས་ད་ལྟའི་ཕ་མ་བཞིན་དུ་དྲིན་ཆེན་པོས་བསྐྱངས་པ་ཤ་སྟག་ཡིན་པས་ད་ལྟའི་ཕ་མ་དང་ཁྱད་མི་འདུག །འདི་ལྟ་བུའི་སྡུག་བསྔལ་དྲག་པོས་མནར་བའི་ཕ་མ་འདི་སྙིང་རེ་རྗེ། འདི་ད་ལྟ་ཉིད་དུ་མྱུར་བ་ཉིད་དུ་སྐད་ཅིག་ཉིད་དུ་སྡུག་བསྔལ་འདི་ལས་ཐར་ན་ཅི་མ་རུང་སྙམ་དུ་སྙིང་རྗེ་དྲག་པོ་ཤས་མི་བཟོད་པ་མཆིམ་ཐོན་ཐོན་དུ་བསྒོམ། དེར་སྙིད་རྗེ་སྐྱེ་བར་འདུག་ན། སྡུག་བསྔལ་འདི་ལྟ་བུ་མྱོང་བ་ནི། སྔོན་མི་དགེ་བ་བྱས་པའི་ལས་འབྲས་ཡིན། ད་ལྟ་མི་དགེ་བའི་ལས་ལ་སྤྱོད་པ་རྣམས་ཀྱང་ཕྱི་ནས་འདི་ལྟ་བུའི་སྡུག་བསྔལ་མྱོང་བར་ངེས་པས་སྙིང་རེ་རྗེ་སྙམ་དུ། སྲོག་གཅོད་བྱེད་པ་སོགས་སྡུག་བསྔལ་གྱི་རྒྱུ་བསྒྲུབ་པ་རྣམས་ལ་དམིགས་ནས་སྙིང་རྗེ་བསྒོམ། དེ་ནས་དམྱལ་བ་དང་ཡི་དགས་སོགས་སུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ལ་དམིགས་ནས། དེ་དག་རང་ཡིན་པ་དང༌། ཕ་མ་ཡིན་པ་སོགས་ཀྱི་བློ་བཞག་སྟེ། སྙིང་རྗེ་བསྒོམ་པ་ལ་འབད། མཐར་ཁམས་གསུམ་གྱི་སེམས་ཅན་འདི་ཐམས་ཅད། ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ་ཅིང༌། སེམས་ཅན་གྱིས་གར་ཁྱབ་ལས་ངན་དང་སྡུག་བསྔལ་གྱིས་ཁྱབ་པས། ལས་ངན་དང་སྡུག་བསྔལ་ཁོ་ན་ལ་སྤྱོད་པའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། འདི་ཐམས་ཅད་རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་བག་ཆགས་ཐམས་ཅད་དང་བྲལ་ནས། གཏན་གྱི་བདེ་བརྫོགས་བའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ཅི་མ་རུང་སྙམ་དུ་སྙིང་ཐག་པ་ནས་བསྒོམ། དེ་ལྟར་སྙིང་རྗེ་བསྒོམ་པ་དེ་ཡང་དང་པོའི་གནས་སྐབས་སུ་སྡུག་བསྔལ་གྱིས་ཉམ་ཐག་པའི་སེམས་ཅན་གང་རུང་རེ་རེ་དམིགས་ཡུལ་དུ་བྱས་ནས་དེ་ཁོ་ན་ལ་བསྒོམ། དེ་ནས་རིམ་པ་བཞིན་དུ་བློ་སྦྱང་སྟེ། མཐར་སེམས་ཅན་ཐམས་ཅད་ལ་སྤྱི་ཁྱབ་ཏུ་བསྒོམ་པ་སོགས་མ་བྱས་ན། སྙིང་རྗེ་བསྒོམ་པ་དེ་ཡང་སྤྱི་འབྱམས་གོ་ཡུལ་ལྟ་བུར་ཤོར་ནས་ཅི་བཞིན་པ་མི་འོང༌། ཁྱད་པར་རང་ལ་བསྟེན་པའི་ཕྱུགས་ལུག་དང་ཁྱེར་རྟ་སོགས་ཀྱི་སྡུག་བསྔལ་དང་དཀའ་ལས་ལ་བལྟས་ནས་སྙིང་རྗེ་བསྒོམ། དེ་ཡང་ད་ལྟ་རང་རེ་རྣམས་ནས་རང་གི་སྒོ་ཕྱུགས་ཀྱི་དུད་འགྲོ་རྣམས་ལ་སྣ་འབིགས་པ་དང༌། བྱ་གཅོད་པ། སྤུ་བཏོག་པ། གསོན་ཁྲག་འབྱིན་པ་སོགས་དམྱལ་བ་དང་འདྲ་བའི་སྡུག་བསྔལ་དུ་མ་གཏད་ནས། དེ་དག་ལ་སྡུག་བསྔལ་ཡོད་སྙམ་པའི་སྣང་བ་ཙམ་ཡང་མི་བྱེད་པར་འདུག་པ་འདི། ལེགས་པར་བརྟགས་ན་སྙིང་རྗེ་མ་བསྒོམས་པའི་སྐྱོན་ཡིན། ལེགས་པར་བརྟགས་ན་ད་ལྟ་རང་གི་སྐྲ་ཉག་མ་གཅིག་འཐེན་ནས་བཏོག་ན་ཨ་ཚ་ཚ་ཟེར་ཞིང་བཟོད་མི་ནུས་པ་ལྟ་བུའི་ཟུག་རྡུ་ཡོད། དེ་བཞིན་དུ་གནག་ཕྱུགས་རྣམས་ལུས་ཀྱི་རྩིད་པ་ཅི་ཡོད་ཐམས་ཅད་གཅུས་ཕུར་བརྒྱབ་ནས་ཤེད་ཀྱིས་འཐེན། ཤུལ་དམར་རྗེན་དུ་ཕུད། སྤུ་ཉག་མ་རེ་རེའི་ཤུལ་ནས་ཁྲག་ཐིགས་པ་རེ་འབབས། ན་ཚ་དང་སྡུག་བསྔལ་མ་བཟོད་པར་འཁུན་བུ་བྱེད་ཀྱང་དེ་ལ་སྡུག་བསྔལ་ཡོད་སྙམ་པ་མི་བྱེད་པར། རང་གི་ལག་ངོར་ཆུ་བུར་དུ་སོང་བ་ལ་མི་བཟོད་བསྐྱེ། དེ་བཞིན་དུ་རྟ་ཁལ་སོགས་ཞོན་ནས་འགྲོ་བའི་ཚེ་ཡང་རང་གི་འཕོང་ན་ནས་སྒ་ཐོག་ཏུ་སྡོད་མི་ནུས་པར་བཟུར་ཏེ་སྡོད་དགོས་སྐབས་ཀྱང༌། རྟ་ཁལ་དེ་ལ་ནི་དཀའ་ལས་སམ་སྡུག་བསྔལ་ཅུང་ཟད་ཀྱང་ཡོད་སྙམ་པ་མི་བྱེད། ཅིས་ཀྱང་འགྲོ་མི་ནུས་པར་ཧུ་ཐུག་གོམ་རྡུགས་པའི་སྐབས། ད་རུང་ཡང་འདིས་ངན་གཤིས་བྱས་ནས་མི་འགྲོ་བ་ཡིན་སྙམ་སྟེ། ཞེ་སྡང་ལངས་ནས་རྡེག་བཙོག་བྱེད་པ་ལས་དེ་ལ་ཤ་ཚ་སྐད་ཅིག་ཀྱང་མི་སྐྱེ། ཁྱད་པར་བཤའ་ལུག་སོགས་གསོད་ཕའི་སྐབས། དང་པོ་མང་པོའི་ཁྱུ་ནས་བཟུང་བའི་ཚེ། དེ་ལ་འཇིགས་སྐྲག་གི་སྣང་བ་བསམ་གྱིས་མི་ཁྱབ་པ་ཡོད་པས། དང་པོ་གང་དུ་བཟུང་ས་དེར་ཤ་ལ་ཁྲག་ཚོམ་འབྱུང༌། དེ་རྗེས་ལུས་གནམ་ས་བསྒྱུར་ཡན་ལག་འབྲེང་བས་བཀྱིག །མཆུ་ཐ་གུས་ར་ཀྲིས། དབུགས་ཕྱི་ནང་གི་རྒྱུ་འགྲུལ་བཅད་དེ་གནད་གཅོད་ཀྱི་སྡུག་བསྔལ་དོས་དྲག་པོ་མྱོང་བའི་སྐབས་སུ་ཡང་ད་དུང་ཅུང་ཟད་འཆི་བ་འགོར་ན་ཤན་པ་ལས་ངན་ཕལ་ཆེར་ཞེ་སྡང་ལངས་ནས་འདི་ལ་འཆི་རྒྱུ་མི་འདུག་ཟེར་ཏེ་བརྡུང་རྡེག་སོགས་བྱེད། ཤི་མ་ཐག་དེའི་པགས་པ་བཤུས་ནང་ལྟོ་ཕྱུང༌། དེ་མ་ཐག་གནག་ཕྱུགས་གཞན་ཞིག་ལ་ཁོང་ཁྲག་བཏོན་ཏེ། དེ་ཡང་ལུས་གོམ་ཚུགས་མི་ཐུབ་པར་འཁྱོར་རོ་རོ་འགྲོ་བ་ཞིག་བྱས། ཤི་ཁྲག་དང་གསོན་ཁྲག་གཉིས་བསྲེས་པས་སྔར་བསད་པ་དེའི་ནང་ལྟོ་གཡོས་ནས་ཟ་ཕོད་པ་འདི་ལས་ཀྱི་སྲིན་པོ་དངོས་སུ་འདུག །ད་ལེགས་པར་བསམ་ན་དུད་འགྲོ་དེ་དག་རྣམས་ཀྱི་སྡུག་བསྔལ་ལ་བལྟས་ནས། དེ་རང་ཡིན་པར་བསྒོམས་ན་ཅི་འདྲ་ཞིག་འདུག །རང་གི་ལག་པས་བཀབ་ནས་དབུགས་བགགས་ཏེ་ཅུང་ཟད་སྡོད་དང༌། དེ་ལ་ན་ཚ་དང་འཇིགས་སྐྲག་ཅི་ལྟ་བུ་ཞིག་འདུག །དེ་ལྟར་ལེགས་པར་བརྟགས་ནས་དེ་ལྟ་བུའི་སྡུག་བསྔལ་དྲག་པོ་ལ་ཁོར་མོར་སྤྱོད་པའི་སེམས་ཅན་དེ་ཐམས་ཅད་སྙིང་རེ་རྗེ། དེ་ཐམས་ཅད་སྡུག་བསྔལ་གྱི་རྣམ་གྲངས་དེ་དག་ལས་སྐྱོབ་པའི་ནུས་པ་བདག་ལ་ཡོད་ན་ཅི་མ་རུང་སྙམ་དུ་ཡང་དང་ཡང་དུ་བསྒོམ། ཁྱད་པར་བྱམས་པ་དང་སྙིང་རྗེའི་མངའ་བདག་བླ་མ་སེར་མོ་བ་རྣམས་ཡིན་དགོས་པ་ལས། བླ་མ་དང་སེར་མོ་བ་རྣམས་ལ་བྱམས་པ་དང་སྙིང་རྗེ་སྤུ་ཙམ་ཡང་མེད་པར་སེམས་ཅན་སྡུག་ལ་གཏད་པ་ཁྱིམ་པ་རྣམས་ལས་ཀྱང་ཐུ་བ་འདི་སངས་རྒྱས་ཀྱི་བསྟན་པ་མཐའ་ལ་ཐུག་སྟེ། ཤ་ཟ་དང་སྲིན་པོ་མཆོད་གནས་སུ་བྱེད་པའི་སྐབས་ལ་བབས་པ་ཡིན། སྔོན་བདག་ཅག་གི་སྟོན་པ་ཤཱ་ཀྱ་ཐུབ་པ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་བོར་ཏེ་རབ་ཏུ་བྱུང༌། འཁོར་དགྲ་བཅོམ་པའི་ཚོགས་དང་བཅས་པ་ཐམས་ཅད་ལྷུང་བཟེད་དང་འཁར་གསིལ་བསྣམས་ཏེ་ཞབས་ཐང་དུ་བསོད་སྙོམས་ལ་ཕེབས་པ་ལས། རྟ་ཁལ་དང་དྲེའུ་སོགས་ཡོད་པ་ལྟ་ཅི། བཅོམ་ལྡན་འདས་ཉིད་ལ་ཆི་བས་པ་ཞིག་ཀྱང་ཆིབས་རྒྱུ་མེད་པ་དེ། སེམས་ཅན་སྡུག་ལ་གཏད་པ་སངས་རྒྱས་པའི་ཆོས་ལུགས་མིན་པར་དགོངས་ནས་མ་ཆིབས་པ་ཡིན་གྱི། བཅོམ་ལྡན་འདས་ཐབས་རྡུགས་ནས་རྟ་རྒན་ཞིག་ཆིབས་རྒྱུ་མ་རྙིད་པ་ག་ལ་ཡིན། ད་ལྟ་རང་རེའི་སེར་མོ་བ་རྣམས་གྲོང་ཆོག་སོགས་ལ་འབྱོན་སྐབས་གཡག་རྒན་རེའི་སྣ་ཨ་ལུང་དུ་ཕུག་ནས་དེར་རྔ་མའི་ཐག་པ་རྩུབ་ངེས་པ་རེ་དྲངས། དེའི་རྒྱབ་ཏུ་ཞོན་ནས་བྱག་གཉིས་ཀྱིས་ཤེད་ཕྱུང་སྟེ་ཐག་པ་འཐེན་རེས་ཀྱིས་སྣ་ནང་དུ་དྲུད་པས་གཡག་རྒན་སྣའི་ན་ཚ་མ་བཟོད་པར་སྐོར་ལིང་བྱེད་པ་ན་ཤེད་ཕྱུང་སྟེ་ལྕག་རྒྱུན་གྱིས་བྲབ། དེར་འཕོངས་ལ་ལྕག་གིས་བྲབས་པའི་ན་ཚ་མ་བཟོད་པར་རྒྱུག་ཙན་ཡང་སྣ་ནས་འ་ཐེན། ཡང་སྣའི་ན་ཚ་མ་བཟོད་པར་བསྡད་ཙ་ན་ལྕག་གིས་བྲབ། དེ་གཉིས་རེས་མོས་ཀྱིས་སོང་སོང་བས་ལུས་དལ་དུབ་དང་སྡུག་བསྔལ་དུ་གྱུར། སྤུ་ཉག་མ་རེ་ནས་རྔུལ་ཐིགས་པ་རེ་འབབས། ལྕེ་དོས་ཕྱར་ཙམ་དྲུད་དེ་འགྲོ་མི་ནུས་པར་དབུགས་ཧར་སྒྲ་འདོན་པའི་ཚེ། ད་དུང་ཡང་འདི་ལེགས་པར་མི་འགྲོ་བ་ཅི་ཡིན་ན་སྙམ་ཞེ་སྡང་ལངས་ནས་ལྕག་ཡུ་དབྱུག་པ་དེས་འཕོངས་ལ་བྲབ། དེ་ཡང་ཞེ་སྡང་གིས་ཤེད་ཕྱུང་ཆེས་བས་དབྱུག་བ་དེ་དུམ་བུ་གཉིས་བྱས། ཆག་འཕྲོ་དེ་སྐེད་གསེབ་ཏུ་དྲངས། རྡོ་མདུང་ཞིག་བླངས། སྒ་ཐོག་ནས་ཕྱིར་ལ་འཁོར་ཏེ་གཡག་རྒན་གྱི་ཚང་ར་ལ་བརྡུང་གིན་འགྲོ་བ་དེ་སྙིང་རྗེ་ཅུང་ཟད་ཀྱང་རྒྱུད་ལ་མ་སྐྱེས་པས་ལ་ན། ད་དེ་ཙ་ན་གཡག་རྒན་དེ་ལ་རང་ཡིན་པའི་བློ་ཞིག་བཞག །རང་གི་རྒྱབ་ཏུ་མི་ཐེག་པའི་ཁུར་ཆེན་ཕོ་ཞིག་བསྐུར། སྣ་ཐག་པས་དྲངས། འཕོངས་ལྕག་གིས་བྲབ། རྩིབས་མ་ཡོབ་ཆེན་གྱིས་བཅོམ་པས་མདུན་རྒྱབ་དང་གཡས་གཡོན་ཐམས་ཅད་ན་ཟུག་ཚ་ཟུག་གི་ངང་ལ་སྐད་ཅིག་ཙམ་ཡང་ངལ་གསོ་ལོང་མེད་པར་གྱེན་མཐོན་པོ་ལ་འཛེགས། ཐུར་གཟར་མོ་ལ་བབས། ཆུ་ཆེན་པོ་ལ་འབོག །ཐང་ཆེན་པོ་ལ་བགྲོད། ཟས་ཁམ་གཅིག་ཀྱང་ཟ་ལོང་མེད་པར་ད་ནངས་ནམ་ལངས་ནས་དོ་དགོངས་ཉི་མ་དམར་ཐག་མ་ཆད་བར་མི་འདོད་བཞིན་དུ་འགྲོ་དགོས་བྱུང་ན། དེ་ལ་དཀའ་ཚེགས་དང་ངལ་དུབ་ཅི་ལྟ་བུ་ཞིག་ཡོད། ན་ཚ་དང་བཀྲེས་སྐོམ་ཅི་ལྟ་བུ་ཞིག་མྱོང་སྙམ་ནས་སྡུག་བསྔལ་རང་ཐོག་ཏུ་བླངས་ན། སྙིང་རྗེ་དྲག་པོ་ཤས་མི་བཟོད་པ་ཞིག་མི་སྐྱེ་བའི་ཐབས་མེད། དེ་བཞིན་དུ་སྦྱིར་བླ་མ་དང་སེར་མོ་བ་ཞེས་བྱ་བ་རིས་མེད་པའི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་སྐྱོབ་བ་མགོན་དང་དཔུང་གཉེན་ཡིན་པ་ལ། རང་ལ་བཟའ་བཏུང་དང་འབུལ་བ་བྱེད་པའི་ཡོན་བདག་དེ་རང་ཕྱོགས་སུ་བཟུང་ནས་དེ་ལ་སྲུངས་ཤིག་དང་སྐྱོབས་ཤིག་ཟེར་ཞིང་དབང་སྐུར་དང་བྱིན་རླབས་བྱེད། ལས་ངན་གྱི་རྒྱུས་འཕངས་པས་ལུས་ངན་བླངས་བའི་ཡི་དགས་དང་འབྱུང་པོ་གནོད་བྱེད་ཀྱི་འདྲེ་དེ་གཞན་ཕྱོགས་སུ་བཟུང༌། དེ་ལ་ཞེ་སྡང་སྐྱེས་ཏེ་སོད་སོད་དང་རྒྱོབ་རྒྱོབ་ཟེར་ནས་བརྡུད་རྡེག་གི་སྟངས་ཀ་བྱེད། ལྷ་འདྲེ་གནོད་བྱེད་དེ་གསོད་རྒྱུ་དང་བརྡུང་རྒྱུ་ཞིག་ཏུ་འཛིན་བདེ་ཡང་རང་རྒྱུད་ཆགས་སྡང་གི་དབང་དུ་ཤོར་ནས་མཉམ་པའི་སྙིང་རྗེ་ཆེན་པོ་མ་སྐྱེས་པས་ལན། ད་ལེགས་པར་བརྟགས་ན་ཡོན་བདག་ལས་ཀྱང་གནོད་བྱེད་དེ་སྙིང་རྗེ་སྟེ། གནོད་བྱེད་ཀྱི་ལྷ་འདྲེ་དེ་ལས་ངན་གྱི་རྒྱུས་འཕངས། ལུས་ངན་ཡི་དགས་སུ་སྐྱེས་པས། ན་ཚ་དང་འཇིགས་སྐྲག་གི་སྣང་བ་དཔག་ཏུ་མེད། རྟག་ཏུ་བཀྲིས་སྐོམ་དང་ངལ་དུབ་ཁོ་ན་ལ་སྤྱོད། སྣང་བ་ཐམས་ཅད་དོགས་པར་འཆར་རྒྱུད་ཞེ་སྡང་དང་གདུག་རྩུབ་ཆེ་བས་ཤི་མ་ཐག་དམྱལ་བར་འགྲོ་བ་མང་བས་དེ་ལས་སྙིང་རྗེབ་སུ་ཡོད། ཡོན་བདག་དེ་ལ་ན་ཚ་དང་ཟུག་རྔུ་སྐྱེས་ཀྱང་དེས་ལས་ངན་འཛད་པམ་གཏོགས་ལས་ངན་མི་སོག །གནོད་བྱེད་དེས་བསམ་ངན་གྱིས་གཞན་ལ་གནོད་པ་བྱས་པས་ལས་ངན་གྱི་རྒྱུས་ངན་སོང་གི་གཏིང་དུ་འཕེན་པ་ཡིན། དེས་ན་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་དྲག་ཤུལ་དང་མངོན་སྤྱོད་ཀྱི་ལས་ཀྱིས་ལྷ་འདྲེ་བསྐྲད་པ་དང་བསྡིགས་པ་སོགས་གསུངས་པ་དེ་ཡང༌། ལྷ་འདྲེ་དེ་ཁོ་རང་སྙིང་རྗེ་བས། དཔེར་ན་བྱིས་པ་ཆུང་ངུ་ཉན་དུ་མ་བཏུབ་པ་ལ་མས་བརྡུང་རྡེག་བྱེད་པ་ལྟ་བུ་དང༌། སྡིག་པ་དང་མི་དགེ་བ་ཁོ་ན་ལ་ལོངས་སྦྱོད་པའི་སེམས་ཅན་དེ་ལས་ངན་གྱི་རྒྱུན་བཅད་ནས་རྣམ་ཤེས་དག་པའི་ཞིང་དུ་འཕེན་ནུས་ན་བསྒྲལ་ལས་བྱེད་པ་སོགས་གནང་བ་ཡིན་གྱི། ཡོན་བདག་དང་གྲ ་འཁོར་སོགས་རང་ཕྱོགས་སུ་བཟུང་ནས་དེ་ལ་ཆགས། ལྷ་འདྲེ་དང་གནོད་བྱེད་དེ་གཞན་ཕྱོགས་སུ་བཟུང་ནས་དེ་ལ་སྡང༌། ཆགས་སྡང་གི་དབང་གིས་རང་ཕྱོགས་སྲུང་བ་དང་གཞན་ཕྱོགས་བརྡུང་བའི་ཐབས་རྒྱལ་བས་གསུངས་པ་ག་ལ་ཡིན། དེ་ལྟ་བུའི་ཆགས་སྡང་གི་བློ་དང་ལྡན་ཕྱིན་ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་དེ་དག་བསྐྲད་པ་དང་བརྡུངས་པ་སོགས་བྱས་ཀྱང་ཉན་དུ་མི་བཏུབ་ཅིང་སླར་རང་ལ་གནོད་བ་བྱེད། ཆགས་སྡང་གི་བློ་ཅན་ལྟ་ཅི། ལྷ་འདྲེ་རང་རྒྱུད་དུ་བཟུང་ནས་སོང་ན་དགའ་བ་ཙམ་གྱི་བློ་ཡོད་ཀྱང་ལྷ་འདྲེ་མི་ཐུལ་བ། སྔོན་རྗེ་བཙུན་མི་ལ་མཆོང་ལུང་ཁྱུང་གི་རྫོད་ན་བཞུགས་སྐབས། བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀས་ཆོ་འཕྲུལ་བྱུང་སྟེ། ཨ་ཙ་ར་མིག་ཕོར་ཁོག་ཙམ་བསྒྲད་པ་ལྔ་གཟིམ་ཁང་དུ་འདུག་པ། བླ་མ་དང་ཡི་དམ་ལ་གསོལ་བ་བཏབ་རུང་མ་སོང༌། ཡི་དམ་གྱི་བསྐྱེད་རིམ་བསྒོམས་ནས་དྲག་སྔགས་བཟླས་ཀྱང་འགྲོར་མ་འདོད་པའི་ཚེ། ང་ལ་ལྷོ་བྲག་མར་པས། སྣང་སྲིད་སེམས་སུ་ངོ་སྤྲད་ཅིང༌། སེམས་ཉིད་འོད་གསལ་སྟོང་པར་ངོ་སྤྲད་པ་ཡིན་པས། གདོན་བགེགས་ཕྱི་རོལ་དུ་བཟུང་ནས་སོང་ན་དགའ་བ་འདི་བྱེད་དོན་མི་འདུག་དགོངས་ཏེ། ལྷ་འདྲེ་རང་སྣང་དུ་ཤེས་པའི་ལྟ་བའི་ངར་གདེངས་སྐྱེས་ནས་ནང་དུ་འཚངས་ཀྱིས་བྱོན་པས། ཁོང་རྣམས་སྐྲག་ནས་མིག་རིག་རིག་བྱེད་ཅིང་མི་སྣང་བར་གྱུར། དེ་བཞིན་དུ་བྲག་སྲིན་མོའི་གླུ་ལས་ཀྱང༌། ལར་བག་ཆགས་བདུད་འདི་སེམས་ལས་བྱུང༌། །སེམས་ཀྱི་དེ་ཉིད་མ་ཤེས་ན། །ཁྱོད་སོང་ཞིག་བྱས་པས་ང་མི་འགྲོ། །རང་སེམས་སྟོང་པར་མ་རྟོགས་ན། །འདྲེ་ང་ཡིས་མི་ཚད་གཞན་ཡང་ཡོད། །རང་སེམས་རང་གིས་ངོ་ཤེས་ན། །མི་མཐུན་རྐྱེན་རྣམས་གྲོགས་སུ་འཆར། །ང་བྲག་སྲིན་མོ་ཡང་འབངས་སུ་མཆི། །ཞེས་པ་ལྟར། ལྷ་འདྲེ་རང་སེམས་སུ་ཤེས་པའི་ལྟ་བའི་གདེངས་དང་མ་ལྡན་ན། ཞེ་སྡང་གི་ལྷ་འདྲེ་འདུལ་ག་ལ་ནུས། དེ་བཞིན་དུ་སྦྱིན་བདག་གི་ཁྱིམ་དུ་འབྱོན་སྐབས་ཀྱང་ཡོན་བདག་དེས་བཤས་ལུག་ཅི་ཙམ་ཞིག་བསད་ནས་དྲངས་ཀྱང་ཐུགས་ལ་དོགས་པ་ཙམ་ཡང་མེད་པར་དགྱེས་བཞིན་དུ་གསོལ། ཁྱད་པར་སྲུང་བ་དང་གསོལ་མཆོད་གསོལ་མཆོད་སོགས་བྱེད་པའི་སྐབས་རྫས་ཤ་གཙང་མ་ཞིག་དགོས་ཟེར་ནས། ད་ལྟ་འཕྲལ་དུ་བསད་པའི་ཤ་ཚིལ་ཁྲག་ཙ་རེ་རླངས་ཕལ་ལེ་བ་དེ་ལ་གཙང་མར་འཛིན་ཞིང༌། དེ་དག་གིས་གཏོར་མ་དང་མཆོད་རྫས་ཐམས་ཅད་བརྒྱན་ཏེ་རྔམ་རྔམ་དང་རྫིག་རྫིག་བྱེད་པ་དེ་དག་བོན་དང་མུ་སྟེགས་པ་ལྟ་བུ་ཞིག་གི་ཆོས་ལུགས་ཡིན་ན་མ་གཏོགས་ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་མིན། ནང་པ་སངས་རྒྱས་པའི་ཆོས་ལུགས་ཡིན་ན་ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་འཚེ་བ་སྤང་དགོས་རྒྱུ་ཡིན་པ་ལ། གང་དུ་འགྲོ་ཡང་དེར་སེམས་ཅན་རེའི་སྲོག་ལ་འཚེ་བ་བྱིན་ནས་བསད། ཤ་ཁྲག་ལ་ལོངས་སྤྱོད་ན་སྐྱབས་འགྲོ་དང་ཅིའི་ཕྱིར་མི་འགལ། ཁྱད་པར་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་དཔའི་ལུགས་ལ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་སྐྱོབ་པ་བྱེད་དགོས་རྒྱུ་ལ། གང་བསྐྱབ་པར་བྱ་རྒྱུའི་སེམས་ཅན་ལས་ངན་དེ་ལ་སྙིང་རྗེ་སྤུ་ཙམ་ཡང་མེད་པར། བསྐྱབ་བྱ་སེམས་ཅན་དེ་བསད་ནས་ཤ་ཁྲག་གཡོས་སུ་བྱས། སྐྱོབ་པ་པོ་བྱང་ཆུབ་སེམས་དཔའ་དེའི་དྲུང་དུ་བཞག་ཙ་ན་དགྱེས་བཞིན་དུ་རྐན་སྒྲ་ཐག་གེ་གསོལ་འགྲོན་དེ་ཡས་ཐུབ་དང་སྡུག་པ་ཅི་ཡོད། གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་རྣམས་ལས། ཤ་ཁྲག་མཆོད་པ་གཞུང་བཞིན་མ་ཚོགས་ཏེ། །སིཾ་ཧ་ཕྲ་མེན་ཐུགས་དང་ཅི་འགལ་བ། །ཡུལ་གྱི་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ། །ཞེས་གསུངས་ཏེ། ཤ་ཁྲག་གི་མཆོད་པ་གཞུང་བཞིན་དུ་ཚོགས་བཞེས་བྱ་བ་དེ། གསང་སྔགས་ཀྱི་རྒྱུད་སྡེའི་གཞུང་ནས་བཤད་པ་བཞིན་དུ་ཚོགས་དགོས་པ་ལ་ཟེར་བ་ཡིན། གསང་སྔགས་ཀྱི་གཞུང་ནས་ཇི་ལྟར་བཤད་ན། ཤ་ལྔ་བདུད་རྩི་རྣམ་པ་ལྔ། །བཟའ་བཅའ་བཏུང་བ་ཕྱི་ཡི་ཚོགས། །ཞེས་བྱ་སྟེ། གསང་སྔགས་ཀྱི་དམ་རྫས་སུ་འོས་པའི་ཤ་ལྔ་པོ། མི་ཤ་དང༌། རྟ་ཤ་དང༌། ཁྱི་ཤ་ལ་སོགས་པ་ཁ་ཟས་ཀྱི་ཆེད་དུ་གསོད་པར་མི་འགྱུར་བའི་སྡིག་མེད་ཀྱི་ཤ་ལྔ་པོ་ཚོགས་རྫས་སུ་བཤམས་པ་ཤ་ཁྲག་མཆོད་པ་གཞུང་བཞིན་དུ་ཚོགས་པ་ཡིན། དེ་ལྟར་མ་ཡིན་པར་གཙང་དམེའི་གཉིས་རྟོག་གིས་བཅིངས་ནས། མི་ཤ་དང༌། ཁྱི་ཤ་སོགས་ལ་མི་གཙང་བ་དང་དམན་པར་འཛིན་ཞིང་ཁ་ཟས་ཀྱི་ཆེད་དུ་འཕྲལ་ལ་བསད་པའི་ཤ་ཞིམ་པ་དང་ཚོ་བ་ལ་གཙང་མར་འཛིན་ན། དང་དུ་བླང་བའི་དམ་ཚིག་ལྔ། །གཙང་དམེར་བལྟས་དང་བག་མེད་སྤྱད། །ཅེས་བྱ་བའི་གཙང་དམེར་ལྟ་བ་ཡིན་པས་དང་དུ་བླང་བའི་དམ་ཚིག་དང་འགལ། རུང་བའི་ཤ་ལྔ་པོ་ཡིན་ཀྱང་ཁ་ཟས་བདུད་རྩིར་སྒྱུར་ནུས་པ་དང༌། དབེན་པར་དངོས་གྲུབ་སྒྲུབ་པའི་ཚི་མ་ཡིན་པར། ཤའི་རོ་ལ་སྲེད་པས་གྲོང་ཡུལ་དུ་བག་མེད་དུ་ཟོས་ན། དང་བླང་གི་དམ་ཚིག་བག་མེད་དུ་སྤྱད་པ་ཞེས་བྱ་སྟེ། དེ་ཡང་འགལ། དེས་ན་རྫས་ཤ་གཙང་མ་ཞེས་བྱ་བ་དེ་ཡང་ཁ་ཟས་ཀྱི་དོན་དུ་བསད་པ་མ་ཡིན་ཞིང༌། རང་གི་ལས་ཀྱིས་ཤི་བའི་ཤ་ཞེས་སེམས་ཅན་རང་གི་ལས་ཀྱི་དབང་གིས་རྒས་ནས་ཚེ་ཟད་པའམ། ནད་ཀྱིས་ཤི་བ་ལ་སོགས་པའི་ཤ་ལ་ཟེར་བ་ཡིན། དེ་ལྟར་མ་ཡིན་པར་འཕྲལ་དུ་བསད་པའི་ཤ་ཁྲག་དྲོན་མོ་དཀྱིལ་འཁོར་དུ་བཞག་ན་ལྷ་ཡེ་ཤེས་པ་ཐམས་ཅད་བརྒྱ་ལ་འགྲོ་བར་མཉམ་མེད་དགས་པོ་རིན་པོ་ཆེས་གསུངས། གཞན་ཡང་ལྷ་ཡེ་ཤེས་པ་སྤྱན་དྲངས་ནས། བསད་པའི་ཤ་ཁྲག་གིས་མཆོད་ན་མ་སྔོན་དུ་བུ་བཤས་པ་དང་འདྲ་ཞེས་གསུངས་ཏེ། དཔེར་ན་མ་མགྲོན་དུ་བོས་ནས་དེའི་སྔོན་དུ་བུ་བསད་པའི་ཤ་བཞག་ན་མ་དེ་དགའ་འམ་མི་དགའ། དེ་བཞིན་དུ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་མ་བཞིན་དུ་བརྩེ་བས་དགོངས་ཏེ་བཞུགས་པ་ལ། ལས་ངན་གྱི་གཞན་དབང་དུ་གྱུར་བའི་དུད་འགྲོ་བསམ་མེད་ཅིག་བསད་ནས་ཤ་ཁྲག་གི་མཆོད་པ་བྱས་པས་རྒྱལ་བ་དགྱེས་པའི་ཐབས་མེད་དེ། །རྒྱལ་སྲས་ཞི་བ་ལྷས། གང་ཞིག་ལུས་ལ་ཀུན་ནས་མེ་འབར་བ། །འདོད་པ་ཀུན་གྱིས་ཡིད་བདེར་མི་འགྱུར་ལྟར། །དེ་བཞིན་སེམས་ཅན་གནོད་པ་བྱས་ན་ཡང༌། །ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་མེད་དོ། །ཞེས་གསུངས།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།