ནོར་བདག་ཛམ་བྷ་ལའི་སྐོར།
ནོར་བདག་ཛམ་བྷ་ལའི་སྐོར།
སྤྱིར་བསྟན།
ཛམ་བྷ་ལ་དཀར་བོ་ལྷ་ལྔ་ཇོ་བོའི་ལུགས།
འཕགས་པ་ཛམ་བྷ་ལ་དཀར་བོ་ཕྱག་གཅིག་ཕྱག་གཉིས་པ། སྤྱན་གསུམ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཁྲོ་བོའི་ཆ་ལུགས་ཅན། ཕྱག་གཡས་བ། མདུང་རྩེ་གསུམ་པ་འཕྱར་བ། གཡོན་པ། ནོར་བུས་མཚན་པའི་བེ་ཅོན་བསྣམས་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། པདྨོ་དང་ཟླ་བའི་གདན་ལ་གཡུ་འབྲུག་སྔོན་མོ་ལ་ཆིབས་པ། འཁོར་དུ་མཁའ་འགྲོ་མ་བཞིའོ། །སྤྱན་རས་གཟིགས་དབང་སྐུ་ལས་མངོན་སྤྲུལ་པ། །རིགས་ལྔས་བྱིན་རླབས་བདུད་རྩི་ཆར་ལྟར་འབེབས། པད་མ་ཁྲོ་བོ་ཨཱ་རྱ་ཛམྦྷ་ལ། །རིགས་བཞི་མཁའ་འགྲོ་མ་དང་བཅས་ལ་འདུད། །ཨོཾ་པད་མ་ཀྲོ་ཏ་ཨཱ་རྱ་ཛམྦྷ་ལ་ཧྲི་ད་ཡ་ཧཱུཾ་ཕཊ་འདི་ཇོ་བོ་ལ་སྤྱན་རས་གཟིགས་ལས་ཉེ་བར་བརྒྱུད། རྒྱ་བརྩོན་འགྲུས་སེང་གེས་སྤེལ་བར་གསུངས་སོ། །
ནོར་ལོངས་སྤྱོད་རྒྱས་པའི་ལྷ་སྟེ་འདི་ལ་ཆུ་སྦྱིན་ཕུལ་ན་དངོས་གྲུབ་འབྱུང་བར་གསུངས། དེ་ཡང་རྒྱུད་རང་ན་ཆོས་མཐུན་གྱི་ལོངས་སྤྱོད་སྦྱིན་པར་གསུངས་ཤིང་དེ་ཡང་ཆོས་སྒྲུབ་པའི་ཕྱིར་ཡིན་ནོ། །
དཔའ་བོ་ཆིག་གྲུབ་ལས་བྱུང་བའི་ཛམ་བྷ་ལ་ལྷ་མང་།
འཕགས་པ་ཛམྦྷ་ལར་ནོར་རྒྱུན་མས་འཁྱུད་པ། ཕྱོགས་མཚམས་བརྒྱད་དུ་ནོར་བུ་བཟང་པོ་དང་ཟླ་ཤེལ་མ། གང་བ་བཟང་པོ་དང་སྦྱིན་མ། ནོར་སྦྱིན་དང་སྦྱིན་བཟང་མ་དང་། རྣམ་ཐོས་ཀྱི་བུ་དང་འཕགས་མ། ཀི་ལི་མི་ལི་དང་རབ་བཟང་མ། འཇམ་པོ་འཁྱིལ་བ་དང་རབ་སྦས་མ། ཞལ་གྱི་དབང་པོ་དང་ལྷའི་བུད་མེད། སྤྱོད་པའི་དབང་པོ་དང་དབྱངས་ཅན་མ། ཐམས་ཅད་ཀྱང་སེར་པོ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཡབ་རྣམས་རོལ་པའི་སྟབས་ཀྱིས་བཞུགས་ཤིང་། ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་བི་ཛ་པཱུ་ར་དང་། གཡོན་པས་གཏེར་གྱི་ནེའུ་ལེ་འཛིན་པ། ཡུམ་རྣམས་གཡས་མཆོག་སྦྱིན་དང་། གཡོན་འབྲས་ཀྱི་སྙེ་མ་བསྣམས་པའོ། །འགྲོ་ལ་དམིགས་མེད་ཐུགས་རྗེ་ཡི། །ཐབས་མཁས་རང་བཞིན་སྐུ་སྤྲུལ་པ། །གནོད་སྦྱིན་ཕོ་མོའི་ཚོགས་རྣམས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །
ཨོཾ་ཛམ་བྷ་ལ་ཛ་ལེན་དྲ་ཡེ་སྭཱ་ཧཱ། ཞེས་ཅི་ནུས་སུ་བཟླ་ཞིང་། ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་བུརཎ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་དྷ་ན་ད་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་ཝ་ཎ་ཡ་སྭཱ་ཧཱ། ཨོཾ་ཀི་ལི་མི་ལི་ནི་ཡེ་སྭཱ་ཧཱ། ཨོཾ་པི་ཙི་ཀུན་ན་ཊ་བླ་ནི་སྭཱ་ཧཱ། ཨོཾ་མི་ཁེན་དྲ་ཡ་སྭཱ་ཧཱ། ཨོཾ་ཙ་རེན་དྲ་ཡ་སྭཱ་ཧཱ། ཨོཾ་བ་སུ་དྷ་རི་ཎི་སྭཱ་ཧཱ། ཨོཾ་ཙནྜ་ཀན་ཏྲཻ་སྭཱ་ཧཱ། ཨོཾ་དནྟ་ཡེ་སྭཱ་ཧཱ། ཨོཾ་ཨ་རྱ་ཡེ་སྭཱ་ཧཱ། ཨོཾ་སུ་བྷ་དྲ་ཡེ་སྭཱ་ཧཱ། ཨོཾ་སུ་གུཔྟ་ཡེ་སྭཱ་ཧཱ། ཨོཾ་དེ་བྱཻ་སྭཱ་ཧཱ། ཨོཾ་སྭ་ར་སྭསྟྱ་སྭཱ་ཧཱ། ཞེས་པ་རྣམས་ཀྱང་ཅི་རིཀས་སུ་བཟླའོ། །
འདི་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས་གསུངས་ཤིང་། ཇོ་བོ་རྗེས་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ལ་གསུངས་ཏེ་སྤེལ། ཡབ་ཡུམ་འཁོར་དང་བཅས་པ་ནོར་ལྷ་ཡིན་པས་བསྟེན་པ་དང་བུམ་གཏེར་བསྒྲུབ་ན་ལོངས་སྤྱོད་འཕེལ་བར་གསུངས།
ཛམ་བྷ་ལ་སེར་བོ།
པད་ཟླའི་གདན་ལ་འཛམ་བྷ་ལ་སེར་པོ་གཡས་བི་ཛ་པཱུ་ར་ཀ་དང་ནེའུ་ལེ་འཛིན་པ། ཞབས་གཡས་བརྐྱངས་ཀྱིས་དུང་དང་པདྨོའི་ཚོགས་ཀྱིས་གཏེར་མནན་ཞིང་གསུས་ཁྱིམ་ཆེ་བ། ཨུཏྤལ་སྔོན་པོའི་ཕྲེང་བ་ཅན། དེའི་པང་ན་ནོར་རྒྱུན་མ་བི་ཛ་པཱུ་ར་དང་འབྲས་ཀྱི་སྙེ་མ་འཛིན་པ། འཁོར་དུ་བཟང་པོ་དང་ཟླ་ཤེལ་ཅན་ལ་སོགས་པ་བཅུ་དྲུག་གིས་བསྐོར་པའོ། །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་ནོར་འཆང་མང་བོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་འཛམ་བྷ་ལ། །དངོས་གྲུབ་མཆོག་སྩོལ་མ་ལ་ཕྱག་འཚལ་ལོ། །
ཨོཾ་ཛམྦྷ་ལ་ཛ་ལེནྟྲ་ཡ། དུས་དུས། མ་མ། ཀུན་ནེ་ཀུན་ནེ་སྭཱ་ཧཱ། འདི་རྒྱུ་ནོར་ལོངས་སྤྱོད་གོང་དུ་སྤེལ་བའི་ལྷར་བསྔགས།
མི་ཏྲ་ལྷ་དྲུག་ལས་ཛམ་བྷ་ལ།
ཛམྦྷ་ལ་སེར་པོ་ཞལ་ཁྲོ་ཞིང་འཛུམ་པ། ཕྱག་གཡས་མཆོག་སྦྱིན་པུས་མོའི་སྟེང་དུ་མཛད་ནས་ཤིང་ཐོག་བི་ཛ་པཱུ་རའི་ལྟེ་བར་ཡིད་བཞིན་གྱི་ནོར་བུས་མཚན་པ་འཛིན་པ། གཡོན་པས་རིན་པོ་ཆེ་སྐྱུག་པའི་ནེའུ་ལེ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པའོ། །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམ་བྷ་ལ། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་ལོ། །ཨོཾ་ཛཐཱ་ལ་ཛ་ལེནཱ་ཡེ་སྭཱ་ཧཱ། འདི་མི་ཏྲ་ཛོ་ཀིའི་ལྷ་དྲུག་ལས་ནོར་གྱི་ལྷ་ཡིན། ཛམ་སེར་གཙོ་རྐྱང་ནི། ཨ་བྷྱ་ཀ་ར་ནས་རཏྣ་རཀྵི་ཏ་ལ་བརྒྱུད་པ་གཡག་སྡེ་བསོད་ནམས་སེང་གེས་བོད་དུ་སྤེལ།འཕགས་ལུགས་ཛམ་བྷ་ལ།
ཛམྦྷ་ལ་སེར་པོ་གསུས་པ་ཆེ་བ་མིའུ་ཐུང་གི་གཟུགས་ཅན། སེར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་པ། ཕྱག་གཡས་པ་རྣམས་ཀྱིས་རིམ་བཞིན་བི་ཛ་པཱུ་ར་དང་། ལྕགས་ཀྱུ། མདའ་ཐོགས་པ། གཡོན་དང་བོས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ལྷག་མ་གཉིས་ཀྱིས་ཞགས་པ་བཟང་པོ་དང་བཅས་པའི་ནེའུ་ལེ་དང་། གཞུ་འཛིན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་ནོར་འཆང་མང་བོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་མ་ལ་ཕྱག་འཚལ་ལོ། །ཨོཾ་ཛམྦྷ་ལ་ཛ་ལེན་དྲ་ཡེ་སྭཱ་ཧཱ།གསང་འདུས་ལས་བྱུང་བའི་ཛམ་སེར།
ཛམྦྷ་ལ་སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་བོ་གཉིས་ཀྱིས་རང་འདྲའི་ཡུམ་ནོར་རྒྱུན་མ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཀྱིས་བི་ཛ་པཱུ་ར་དང་རལ་གྲི། གཡོན་གཉིས་ཀྱིས་གཏེར་གྱི་ནེའུ་ལེ་དང་པད་མ་འཛིན་པ། ཞབས་གཉིས་ཀྱིས་དུང་དང་པདྨོའི་གཏེར་མནན་པ། ཨུཏྤལ་སྔོན་པོའི་ཕྲེང་བ་དང་། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་ནོར་འཆང་མང་བོ་ཀུན་ཀྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་ལོ། །ཨོཾ་ཛམྦྷ་ལ་ཛ་ལེན་དྲ་ཡེ་སྭཱ་ཧཱ།
འདི་འདུས་པའི་རྒྱུད་ནས་གསུངས་ཤིང་གསང་འདུས་ཡི་དམ་དུ་བསྟེན་པས་བསྒྲུབས་ན་འགྲུབ་ཉེ་གསུངས། འདུས་པའི་འཛམ་སེར་གྱི་སྒོམ་ལུང་ནི། སངས་རྒྱས་ཡེ་ཤེས་ཞབས་ནས་བཱ་ལིང་ཙརྱ་ལ་བརྒྱུད་པ་གཉོས་ལོ་ཙཱ་པས་གསན་ཏེ་བོད་དུ་བརྒྱུད།
ཛམ་བྷ་ལ་དམར་བོ་སྲོག་སྒྲུབ་ས་ལུགས།
འཕགས་པ་ཛམྦྷ་ལ་དམར་པོ་ཞལ་གཅིག་ཕྱག་གཉིས་པ། སྤྱན་དང་ལྡན་ཞིང་ནོར་བུ་འབར་བའི་ཐོར་ཚུགས་ཅན། ཕྱག་གཡས་པས་རིན་པོ་ཆེ་དབང་གི་རྒྱལ་པོ་ཐུགས་ཀའི་ཐད་ཙམ་དུ་འཛིན་ཅིང་། ཕྱག་གཡོན་པས་གཏེར་གྱི་ནེའུ་ལེ་རིན་པོ་ཆེ་སྐྱུག་བཞིན་པ་ཡུམ་གྱི་སྟ་ཟུར་གཡོན་གྱི་ཐད་ཙམ་དུ་འཛིན་པ། ཞབས་གཡས་བརྐྱངས་པའི་སྟབས་ཅན་དང་རིན་པོ་ཆེས་བརྒྱན་པ། ཡིད་ཙམ་ཁྲོ་བའི་ངང་ཚུལ་ཅན་ནོ། །ཡུམ་བདེ་བ་རྒྱས་བྱེད་མ་ཡབ་དང་རྣམ་པ་མཚུངས་པ་ལས། ཕྱག་གཡོན་པས་ཐོད་པ་བདུད་རྩིས་གང་བ་འཛིན་པ་དང་། སྐྲ་གྲོལ་ཞིང་། ཞབས་གཡོན་བརྐྱངས་པས་ཡབ་ལ་འཁྱུད་པ། ལྷ་མོའི་ཆ་བྱད་རྫོགས་པའོ། །རྗེས་ཆགས་དཔའ་བོ་མཆོག་ཏུ་བདེ་བའི་རང་བཞིན་ཅན། །ཟག་པ་དང་བྲལ་མཁའ་འགྲོའི་དབང་ཕྱུག་དཔའ་བོ་ཆེ། །གཉིས་མེད་རྣམ་རོལ་དགོས་འདོད་ཀུན་འབྱུང་མཆོག་གི་ལྷ། །མགོན་པོ་ཁྱོད་ལ་མངོན་པར་འདུད་དོ་མངོན་ཕྱག་འཚལ། །
ཨོཾ་ཛམྦྷ་ལ་ཛ་ལེན་དྲ་ཡེ་དྷ་ན་མི་དྷི་ཧྲཱྀཿ་ཌཱིཀི་ནཱིཛ་ལ་སམྦྷརཾ་སྭཱ་ཧཱ། འདི་དགོན་སྡེ་དང་མི་སྡེ་ལྟ་བུའི་གཞུང་གིས་བསྟེན་ན་ཕྱཱ་གཡང་འགུགས་པའི་བྱིན་རླབས་ཆེ་ཞིང་ནོར་དབང་དུ་སྡུད་པའི་ལྷར་བསྔགས། ཛམ་དམར་སྲོག་སྒྲུབས་ལུགས་ནི། དགའ་རབ་རྡོ་རྗེ་ནས་རྡོ་རྗེ་གདན་པ་ལ་བརྒྱུད་པ་བ་རི་ལོ་ཙཱ་པས་གསན་ཏེ་བོད་དུ་སྤེལ།
ཛམ་དམར་ཆགས་པ་རྡོ་རྗེ།
ཛམ་དམར་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བ། རྩ་ཞལ་དམར། གཡས་ཞལ་དཀར། གཡོན་ཞལ་སྔོ། ཕྱག་དང་བོ་གཉིས་ཀྱིས་ཐོད་པ་ནོར་བུ་རིན་པོ་ཆེས་གང་བ་འཛིན་པ། བར་བ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ། ཐ་མ་གཉིས་ཀྱིས་ནེའུ་ལེ་ནོར་བུ་སྐྱུག་པ་བསྣམས་པ། ཀླུ་ཆེན་བརྒྱད་དང་རིན་པོ་ཆེའི་རྒྱན་ཅན། མེ་ཏོག་གི་ཕྲེང་བ་དང་དར་གྱི་ཅོད་པན་ཅན། ཞབས་གཡས་བསྐུམས་གཡོན་བརྐྱངས་ཀྱིས་ནོར་བདག་ཕོ་མོ་མནན་པའོ། །བདེ་གཤེགས་ཀུན་གྱི་གསུང་ལས་རབ་སྤྲུལ་ཅིང་། །ཐུགས་རྗེ་རྗེས་ཆགས་སྐུ་མདོག་དམར་པོར་བཞུགས། །དབང་གི་འཕྲིན་ལས་རྫོགས་མཛད་ཛམྦྷ་ལ། །མ་ལུསའགྲོ་བའི་རེ་སྐོང་ལ་ཕྱག་འཚལ། །ཨོཾ་ཛམ་བྷ་ལ་ཛ་ལེན་དྲ་ཡེ་དྷ་ན་མི་དྷི་ཧྲཱྀཿ།ཛམ་དམར་ཆགས་པ་རྡོ་རྗེ་ལ། བྱང་ཆུབ་སེམས་དཔའ་གནོད་གནས་དབང་བོ་ཞེས་པའམ་འཕགས་པ་ཆུ་དབང་སྙིང་རྗེ་ཆེན་པོ་ཞེས་བྱ་བ་ལ་བཀའ་སྲོལ་མང་མོད། འདི་ནི་སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་ཀྱིས་ཟབ་ཆོས་གཏེར་དུ་སྦས་པ་གཏེ་སྟོན་གྲྭ་པ་མངོན་ཤེས་ཀྱིས་གཏེར་ཁ་ནས་བྱོན་པ་ནོར་དང་འབྱོར་བ་རྒྱས་པ་དང་། དབང་གི་ལས་སྒྲུབ་པའི་མཆོག་ཏུ་བཞེད་དོ། །
ཛམ་དམར་གྱི་རྒྱུན་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནས་གྷ་ཡ་དྷ་ར་དང་། དེས་འབྲོག་མི་ལོ་ཙཱ་པ་ལ་བརྒྱུད་དེ་བྱོན།
གྲྭ་བ་མངོན་ཤེས་ཅན་གྱི་ལུགས་ཀྱི་ཛམ་བྷ་ལ་དམར་བོ།
ཛམྦྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བ། ཅུང་ཟད་ཁྲོ་ལ་འཛུམ་པ་དང་། རྩ་ཞལ་དམར་བ། གཡས་ཞལ་དཀར་བ། གཡོན་ཞལ་སྔོ་བ། ཕྱག་གཡས་ཀྱི་དང་བོ་ན་རིན་པོ་ཆེ་དང་། བར་བ་ན་ལྕགས་ཀྱུ་འཛིན་པ། གཡོན་གྱི་དང་བོ་ན་ཐོད་པ་རིན་པོ་ཆེས་གང་བ་འཛིན་པ། བར་བ་ན་ཞགས་པ། ཐ་མ་གཉིས་ན་གཏེར་གྱི་ནེའུ་ལེ་བསྣམས་ནས་བཅིར་བས་ནོར་བུ་རིན་པོ་ཆེ་སྣ་ཚོགས་སྐྱུག་བཞིན་པ། ཞབས་གཡས་པ་གཉིས་ཅུང་ཟད་བསྐུམས་ཤིང་གཡོན་པ་གཉིས་ཅུང་ཟད་བརྐྱངས་པའི་དོར་སྟབས་ཀྱིས་གནོད་སྦྱིན་ནོར་བུ་སྐྱུག་པ་གཉིས་མནན་པ། ཀླུ་ཆེན་པོ་བརྒྱད་དང་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་ཅིང་། མེ་ཏོག་གི་ཕྲེང་བ་དང་དར་གྱི་ཅོད་པན་གྱིས་མཛེས་པའོ། ། བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཅིང་། །ཐུགས་རྗེ་རྗེས་ཆགས་སྐུ་མདོག་དམར་པོར་བཞུགས། །དབང་གི་འཕྲིན་ལས་རྫོགས་མཛད་ཛམ་བྷ་ལ། །མ་ལུས་འགྲོ་བའི་རེ་སྐོང་ཁྱོད་ཕྱག་འཚལ། །ཨོཾ་ཛམྦྷ་ལ་ཛ་ལེནྟྲ་ཡེ་དྷ་ན་མི་དྷི་ཧྲཱྀཿསྭཱ་ཧཱ། འདི་གྲྭ་པ་མངོན་ཤེས་ཀྱིས་སློབ་དཔོན་པད་མ་ལས་གསན་ཏེ་སྤེལ་བའོ། །ཛམ་བྷ་ལ་ལྗང་གུ་དུས་འཁོར་ལུགས།
ཛམ་བྷ་ལ་ལྗང་གུའམ་ལྗང་སེར་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་ཤིང་ཏོག་བི་ཛ་པཱུ་ར་ཀ་དང་། གཡོན་གཏེར་གྱི་ནེའུ་ལེ་འཛིན་པ། དབུ་སྐྲ་ནག་པོའི་ཐོར་ཅོག་ཅན། རིན་པོ་ཆེའི་དབུ་རྒྱན་དང་བཅས་ཤིང་། ཞབས་གཡས་བརྐྱངས་པའི་རོལ་པའི་སྟབས་ཀྱིས་དུང་གི་མགོ་དང་། པད་མའི་མགོ་ཞེས་བྱ་བ་ལ་སོཊ་པ་ལ་བརྟེན་པ། དར་སྣ་ཚོཊ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཨུཏཱལ་སྔོན་པོའི་དོ་ཤལ་ཅན། དེའི་བརླ་གཡོན་པའི་སྟེང་དུ་ལྷ་མོ་ནོར་རྒྱུན་མ་སྔོན་མོ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་ལྷན་ཅིག་ཡབ་ལ་འཁྱུད་པ། འཁོར་དུ་ཟླ་ཤེལ་མ། རབ་བཟང་མ། སྦྱིན་མ། རབ་སྦས་མ། འཕགས་མ། དབྱངས་ཅན་མ། སྦྱིན་བཟང་མ། ལྷ་མོ་དཔལ་དང་བཅས་པའོ། །དཔལ་ལྡན་རྡོ་རྗེ་དབྱིངས་དབང་ཕྱུག། སྒྲོན་མ་རེག་བྱ་རྡོ་རྗེ་མ། །གོས་དཀར་རོ་མ་མཱ་མ་ཀི །གཟུགས་མ་སྤྱན་མ་དྲི་རྡོ་རྗེ། །གནོད་སྦྱིན་མོདགུའི་ཚུལ་སྟན་པས། །རབ་བསྐོར་འཕགས་པ་རྨུགས་འཛིན་ནི། །དཔལ་ལྡནམི་བསྐྱོད་རྡོ་རྗེ་སྟེ། །ཐབས་མཁས་ཚུལ་གྱིས་ལོངས་སྤྱོད་སྟེར། །དེ་དག་རྣམས་ལ་གུས་པས་འདུད། །
ཨོཾ་ཛམྦྷ་ལ་ཛ་ལེན་དྲ་ཡེ་སྭཱ་ཧཱ་ཞེས་དང་། ཨོཾ་བ་སུ་དྷ་རི་ཎི་སྭཱ་ཧཱ། ཨོཾ་ཙན་དྲ་ཀན་ཏྲཻ་སྭཱ་ཧཱ། ཨོཾ་དནྟ་ཡེ་སྭཱ་ཧཱ། ཨོཾ་སུ་དནྟ་ཡེ་སྭཱ་ཧཱ། ཨོཾ་ཨརྱ་ཡེ་སྭཱ་ཧཱ། ཨོཾ་སུ་བྷ་དྲ་ཡེ་སྭཱ་ཧཱ། ཨོཾ་སུ་གུཔྟ་ཡེ་སྭཱ་ཧཱ། ཨོཾ་དི་བྱཻ་སྭཱ་ཧཱ། ཨོཾ་སྭ་ར་སྭ་སྟྱཻ་སྭཱ་ཧཱ། ཞེས་གནོད་སྦྱིན་མོ་དགུའི་མཚན་སྔགས་ཀྱང་ཅི་རིགས་པར་བཟླས་ལ། དེ་ནས་ཨོཾ་ཨཱཿཧཱུཾ་ཧོ་རྔྷི་ཀྴ་ཨཱརྱ་ཛམྦྷ་ལ་སིདྷཾ་མེ་པྲ་ཡཙྪནྟུ། མ་མ་དྷ་ནཾ། ད་ད་ཏུ། བཛྲ་དྷ་ར་ཨཱཛྙྲ་པ་ཡ་ཏི་སྭཱ་ཧཱ། ཞེས་ལས་བསྒྲུབ་པའི་སྔགས་ཀྱང་ཅུང་ཟད་བཟླའོ། །འདི་ཨ་བྷྱ་ཀ་ར་ནས་བརྒྱུད་དེ་མར་སྟོན་གཡང་འབར་གྱིས་བོད་དུ་སྤེལ། དུས་འཁོར་གྱི་རྒྱུད་ལས་བསྟན་པའོ། །
ཛམ་བྷ་ལ་ནག་པོ་ཁ་ཆེའི་པཎ་ཆེན་ལུགས།
འཕགས་པ་ཛམྦྷ་ལ་ནག་པོ་གཅེར་བུ་རིགས་ངན་གྱི་ཆ་ལུགས་ཅན། རྣ་བ་མ་ཕུག་པ་མིའུ་ཐུང་གི་རྣམ་པ་ཅན། མཚན་མ་གྱེན་དུ་འགྲེང་བ། སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། ཕྱག་གཡས་པས་ཀ་པཱ་ལ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། གཡོན་པས་ནེའུ་ལེ་བརླ་གཡོན་པ་ལ་བསྟེན་པའི་ཚུལ་གྱིས་འཛིན་པ། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱང་པས་པད་ཟླའི་གདན་ལ་ནོར་བདག་རྣམ་ཐོས་བུའི་གཟུགས་ཅན་ནོར་བུ་སྐྱུག་བཞིན་པ་མནན་པ། བྱིས་པའི་གཟུགས་ཅན། སྐྲ་ཁམ་པ་གྱེན་དུ་བརྫེས་པ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པའོ། །དཔལ་གྱི་དབང་ཕྱུག་དཔལ་ཆེན་གཙུག་ནས་རིན་ཆེན་རྣམ་པ་མང་ལྡན་པ། །ཐབས་མང་སྟོབས་ཆེན་དྲི་མེད་ཐུགས་རྗེ་དྲང་སྲོང་ལྷ་མོའི་སྲས་གྱུར་དེའི། །སྲས་གཅིག་མཚུངས་མེད་མ་ལུས་སྲིད་དང་ཞི་བའི་ནོར་བདག་གཏེར་ཆེན་ནི། །མིའུ་ཐུང་ཆ་བྱད་ཐོད་ཁྲག་ནེའུ་ལེ་འཛིན་མཛད་ཁྱོད་ལ་བདག་ཕྱག་འཚལ། །མགོན་པོ་ནམ་མཁའི་མཛོད་ཅན་ནོར་གྱི་ཆར་འབེབས་པ། །མ་སྐྱེས་རང་བཞིན་དག་པས་སྐུ་མདོག་སྔོན་པོར་བཞུགས། །ཁྱོད་ནི་རྡོ་རྗེ་སེམས་དཔའ་ཉིད་དུ་བདག་མཆོད་ན། །རྟག་ཏུ་ཡིད་ལ་རེ་བའི་འབྲས་བུ་མཆིས་པར་མཛོད། །ཨོཾ་ཛམྦྷ་ལ་ཛ་ལེན་དྲ་ཡེ་སྭཱ་ཧཱ།
འདི་ཐམས་ཅད་མཁྱེན་པ་ནག་པོ་པ་ནས་པཎ་ཆེན་ཤཱཀྱ་ཤྲཱི་དང་། དེས་ཁྲོ་ཕུ་ལོ་ཙཱ་པར་གསུངས་ནས་དར། འདི་སྔོན་དྲང་སྲོང་དྲི་མེད་ཐུགས་རྗེའི་སྲས་སུ་སྐྱེ་བ་བཞེས་ཤིང་འདོད་དགུའི་ལོངས་སྤྱོད་ཀྱི་དངོས་གྲུབ་བརྙེས། སྔོན་གྱི་ཐུགས་བསྐྱེད་ལྟར་བསྟེན་ན་འཛེམ་དོགས་ཅུང་ཆུང་ཞིང་འགོ་སླ་བ་འགྲུབ་སྐྱེན་པ་ཡིན་ཞེས་གསུངས་སོ། །
ཛམ་བྷ་ལ་ནག་པོ།
ཛམྦྷ་ལ་ནག་པོ་ཞལ་གཅིག་ཕྱག་གཉིས་པ། མིའུ་ཐུང་གི་གཟུགས་ཅན།གསུས་པ་འཕྱང་བ། གཅེར་བུ་རྣ་བ་མ་ཕུག་པ། སྐྲ་ཁམ་པ་གྱེན་དུ་བརྫེས་ཤིང་མཆེ་བ་གཙིགས་པ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། གཡས་ན་ཐོད་པ། གཡོན་ནེའུ་ལེ་འཛིན་པ། ཞབས་གཡས་བརྐྱངས་པའི་སྟབས་ཀྱིས་ནོར་བདག་སེར་པོ་ཁ་ནས་རིན་པོ་ཆེ་སྐྱུག་པ་མནན་པའོ། །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་ལོ། །ཨོཾ་ཛམྦྷལ་ཛ་ལེན་དྲ་ཡེ་སྭཱ་ཧཱ།
ཛམྦྷ་ལ་ནི་བྱང་ཕྱོགས་གནོད་སྦྱིན་དབང་པོ་རྣམས་ཀྱི་རྒྱལ་པོ་ཡིན་པ་དང་། ཀླུ་ཆེན་བརྒྱད་འཁོར་དུ་ཡོད་པས་ས་འོག་ས་སྟེང་གི་རིན་པོ་ཆེའི་དངོས་གྲུབ་སྒྲུབ་བ་ལ་འདི་བསྔགས་སོ། །
གུར་ནས་བཤད་པའི་ཛམ་བྷ་ལ་སེར་བོ།
ཛམྦྷ་ལ་སེར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་བི་ཛ་པཱུ་ར་ཀ་དང་། གཡོན་པས་ནེའུ་ལེ་འཛིན་པ། ཞབས་གཉིས་ཀྱིས་དུང་དང་པདྨོའི་གཏེར་མནན་པ། ཨུཏྤལ་སྔོན་པོའི་ཕྲེང་བ་དང་། རིན་བོ་ཆེའི་རྒྱན་གྱིས་བརྒྱན་པའོ། །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་ལོ། །ཨོཾ་ཛམ་བྷ་ལ་ཛ་ལེན་དྲ་ཡེ་སྭཱ་ཧཱ།
ཛམ་བྷ་ལ་ཕྱག་དྲུག་པ།
ཛམྦྷ་ལ་སེར་པོ་ཞལ་གསུམ་ཕྱག་དྲུག་པ། ཕྱག་གཡས་མཱ་ཏུ་ལུང་ག་དང་ལྕགས་ཀྱུ། མདའ། གཡོན་གྱི་དང་བོས་གཡོན་ཕྱོགས་ན་གནས་པའི་ཤེས་རབ་མ་ལ་འཁྱུད་པ་དང་། ལྷག་མ་གཉིས་ན་ཞགས་པ་དང་བཅས་པའི་ནེའུ་ལེ་དང་གཞུ་བཀང་བ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་རལ་བའི་ཅོད་པན་ཅན། འོད་ཟེར་དུ་མ་འཕྲོ་བའོ། །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་ལོ། །ཨོཾ་ཛམྦྷ་ལ་ཛ་ལེན་དྲ་ཡེ་སྭཱ་ཧཱ།
ཛམ་བྷ་ལ་སེར་བོ་ལྷ་དགུ།
འཕགས་པ་ཛམྦྷ་ལ་སེར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པས་བི་ཛ་པཱུ་ར་ཀ་འཛིན་པ་དང་། ཕྱག་གཡོན་པས་ནེའུ་ལེ་འཛིན་པ། ཞབས་གཉིས་ཀྱིས་དུང་དང་པདྨོའི་གཏེར་མནན་པ་དང་། ཨུཏྤལ་སྔོན་པོའི་ཕྲེང་བ་དང་རིན་པོ་ཆེ་རྒྱན་གྱིས་བརྒྱན་པ་དང་། འཁོར་དུ་ནོར་བདག་བརྒྱད་དོ། །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་ལོ། །ཨོཾ་ཛམ་བྷ་ལ་ཛ་ལེན་དྲ་ཡེ་སྭཱ་ཧཱ། །
སྤྱིར་ཛམ་ལྷར་ཆུ་སྦྱིན་པ་ནི། དབུལ་བོའི་དོན་དུ་འཕགས་པ་སངས་རྒྱས་ཁྱིམ་ཞིག་ཏུ་ཕེབས་པར་འབུལ་རྒྱུ་ཆུ་ལས་མ་བྱུང་བར། འཕགས་པ་ལ་ཆུ་ཕུལ་བས་མཉེས་ཏེ་དངོས་གྲུབ་སྦྱིན་པར་མཛད་པའི་ལོ་རྒྱུས་ལྟར་རོ། །ཆུ་སྦྱིན་ཕུལ་ན་ནི་དེ་ལ་སེར་སྣ་མི་ཤོར་བས་སྦྱིན་པའི་བསོད་ནམས་སྨིན་པར་གསུངས་སོ། །ལྷ་འདི་དག་ནོར་གྱི་དངོས་གྲུབ་སྩོལ་མཁན་དུ་གསུངས་པ་ལྟར་མི་སླུ་ཡང་། མན་ངག་དང་བསྙེན་སྒྲུབ་ཚད་ལྡན་དགོས་པར་མ་ཟད་རང་རང་གི་རྒྱུད་ནས་གསུངས་པ་ལྟར་བྱ་དགོས་ཀྱི། སྲེད་པའི་དབང་གིས་མི་འགྲུབ་ལ་དད་གཏོང་གཞན་ཕན་གྱི་བསམ་པ་དང་། ཡང་ན་བདེན་ཚིག་འགྲུབ་པ་དག་ལ་བསྟེན་ན་ལེགས་སོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com