ལྷོ་ཁ་སྣེ་གདོང་རྫོང་བཙན་ཐང་གྲོང་ཚོའི་ཚེ་ཆུ་འབུམ་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-09-29 10:52:00 ཀློག་གྲངས།:

     དེ་ཡང་རྟེན་མཆོག་ཚེ་ཆུ་འབུམ་པ་ནི་ལྷོ་ཁ་སྣེ་གདོང་རྫོང་ཁོངས་ཀྱི་བཙན་ཐང་གྲོང་ཚོ་སྟེ་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད3412ཀྱི་སར་གནས་ཡོད་པ་དང་སྤྱི་ལེ་གསུམ་ལྷག་ཙམ་གྱི་ས་ནས་བཙན་ཐང་གྲོང་དང་ཚེ་ཆུ་འབུམ་པར་འབྱོར་བ་ཡིན།
     འབུམ་པ་དེ་ནི་ཡར་ལུང་རྟེན་གསུམ་གྱི་ནང་ཚན་གཅིག་ཡིན་ཞིང་། ལྕོག་རོ་ཀླུའི་རྒྱལ་མཚན་དང་མངའ་བདག་རྒྱལ་པོས་བཞེངས་པ་ཆུ་ཤེལ་གྱི་ཁ་སར་པ་ཎི་ནང་ཞུགས་ཅན་གྱི་མཆོད་རྟེན་ཆེན་པོ་ཕྱི་ལྕགས་རི་བསྐོར་བ་ཚེས་བཅོ་ལྔར་ཚེས་ཆུ་དངོས་སུ་བབས་པས་ཚེ་ཆུ་འབུམ་པར་གྲགས། དེ་དང་ཉེ་བའི་སར་མ་བུ་བདེ་གྲོལ་ལ་ཕན་པའི་བྱི་པ་འབུམ་པ་དང་རྟོགས་ལྡན་འབུམ་པ་ཞེས་གྲགས་པ་དེ་དག་ཡོད་ཅིང་། དེའི་རྒྱབ་ཀྱི་རི་བོ་དེ་ནི་ལྷ་རི་གྱང་མཐོར་གྲགས་ཤིང་བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་གནམ་ནས་བྱོན་ནས་ཕེབས་ཡུལ་དེ་ཡིན་ཞིང་དེར་གཉའ་བར་བཏེགས་ནས་ཁྲི་ལ་བཀུར་བའི་མཚན་ཡང་གཉའ་ཁྲི་བཙན་པོ་ཞེས་དེ་ལྟར་ཐོགས།
     གཞན་ཡང་གནས་དེར་ཡངས་ཤིང་རྒྱ་ཆེ་བའི་སྤང་ལྗོངས་ཤིག་ཡོད་པ་དེའི་སྟེང་དུ་ཡང་རྗེ་གཉའ་ཁྲི་བཙན་པོའི་བཞུགས་ཁྲི་སོགས་ཡོད་ཀྱང་ལོ་བཅུའི་རྒོད་ཆགས་ཀྱི་རྐྱེན་པས་དེ་དག་ཚང་མ་མིང་གི་ལྷག་མར་གྱུར་ཏེ་རིང་ཞིག་ལོན་པ་ན་ནག་ཆུ་ཁུལ་གྱི་ལྒ་རྭ་ཉག་སྤྲུལ་མིང་པས1993ལོར་མཆོད་རྟེན་ཉམས་གསོ་གནང་ཞིང་ད་ལྟའི་མཆོད་རྟེན་གྱི་རྒྱ་ཁྱོན་རྨིད་གྲུ་བཞི་མ718ཙམ་ཡོད་པ་དང་འབུམ་པའི་ནང་ཞུགས་རྟེན་གཙོ་བོ་བཀའ་བདམས་མཆོད་རྟེན་དང་སྒྲོལ་མའི་སྐུ་སོགས་གསེར་ཟངས་ཀྱི་ནང་རྟེན་བཞི་དང་ཤེལ་བྲག་གི་ནང་རྟེན་ཆོས་གོས་ཉི་ཟེར་མ་དང་དབུ་སྐྲ་འཇའ་འོད་འཁྱིལ་བ་སོགས་བཞུགས་ཤིང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་བྱེད་ཡུལ་ཡིན་པས་དུས་རྒྱུན་བཙན་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་བདག་གཉེར་བྱེད་ཅིང་མཆོད་རྟེན་གྱི་ཤར་ལ་བཙན་ཐང་གཡུ་ཡི་ལྷ་ཁང་དང་ལྷོ་ལ་བྱི་བ་འབུམ་པ་ནུབ་ལ་ཡར་ལུང་གཙང་པོ་སོགས་ཁྱད་འཕགས་ཀྱི་གནས་རི་དང་ངོ་མཚར་གྱི་ཡུལ་ལྗོངས་དུ་མས་བསྐོར་བས་གནས་མཇལ་བ་རྒྱུན་ཆད་མེད་པ་མ་ཟད་ལྷག་པར་བོད་ཚེས་བཅུ་དང་བཅོ་ལྔར་དད་ལྡན་མང་ཚོགས་ཁྲི་ལྷག་གིས་གནས་དེར་ཕྱག་འཚལ་བསྐོར་སྦྱོང་བྱེད་ཀྱི་ཡོད་ཅིང་ནད་གདོན་སྡིག་སྒྲིབ་འཇོམ་ཤིང་ཚེ་འཕེལ་བ་ལ་མཆོག་ཏུ་བསྔགས་སོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།