གེ་སར་རྒྱལ་པོའི་དགོན་པ།

རྩོམ་པ་པོ།:གཅོད་པ་དོན་གྲུབ་ཀྱིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-06-16 09:14:22 ཀློག་གྲངས།:
    དེ་ཡང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་ནང་རོལ།   རྫ་ཆུ་རིང་མོ་ལྷུང་ལྷུང་དུ་འབབ་པའི་གཡས་འགྲམ།  རི་རབ་དངུལ་གྱི་མཆོད་རྟེན་བཞེངས་འདྲའི་ཕང་བ་རུ།  མཚན་སྙན་གྱི་དུང་སྒྲ་འཛམ་གླིང་ཡོངས་ལ་གྲགས་པའི་དགེ་ལྡན་རིང་ལུགས་འཛིན་པའི་དགོན་པ་ཞིག་མངོན་པར་ཆགས་འདུག   མི་ཚོས་དགོན་པ་དེ་མཐོང་བ་ཙམ་གྱིས་འདི་ནི་སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱི་དགོན་པ་ཡིན་ཞེས་བརྗོད་པའི་གཏམ་བཟང་གནའ་ནས་ད་ལྟའི་བར་དུ་ཉམས་མ་མྱོང་།  དགོན་པ་དེའི་ནང་དུ་འཛམ་གླིང་གི་གེ་སར་རྒྱལ་པོའི་གོ་ཁྲབ་དང་མདའ་མདུང་གྲི་གསུམ།  ཁྲོ་ཐུང་གི་རལ་གྲི།  འབྲུག་མོའི་དུང་གི་སྐེ་ཆིངས་སོགས་ཡོད་པར་མ་ཟད།  གླིང་གི་དཔའ་རྟུལ་ཐམས་ཅད་ཀྱི་འབག་སྐུའང་བཞེངས་འདུག་པ་ད་ལྟ་ལོ་བཞི་བཅུ་ཡན་ལ་སླེབས་པའི་ས་དེའི་སྐྱེ་བོ་སུས་ཀྱང་གསལ་བོར་མཐོང་མྱོང་།
     གླིང་གེ་སར་རྒྱལ་པོའི་དགོན་པ་དེ་ནི་ནང་ཆེན་རྫོང་གི་དགོན་པ་ཆེ་ཆུང་གྱ་བཞི་ལས་ལོ་རྒྱུས་ཀྱི་རྒྱུན་ཆེས་རིང་བའི་དགོན་པ་མིང་གྲགས་ཅན་ཞིག་ཡིན་ལ།  ལོ་འཁོར་བརྒྱད་བརྒྱ་བཅུ་དྲུག་གི་ལོ་རྒྱུས་ཡོད་པ་ལགས།  དགོན་པ་དེ་ཆེས་དར་བའི་སྐབས་སུ་དགེ་འདུན་པ་སུམ་བརྒྱར་བུད་མྱོང་བ་དང་བླ་མ་བདུན་ཡོད།
     ཕྱིས་སུ་དགོན་པ་དེ་ཀྱག་ཀྱོག་གི་བགྲོད་ལམ་མང་པོ་བརྒྱུད་པས་གེ་སར་རིན་པོ་ཆེའི་རྟེན་འགངས་ཆེན་གྱི་རིགས་ལ་གནོད་སྐྱོན་ཚབས་ཆེན་བྱུང་ནའང་ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་བཟུང་ཉམས་པ་སླར་གསོ་མཛད་དེ་སྔར་བཞིན་གསེར་འོད་ལམ་ལམ་གྱི་གཟི་མདངས་ལྟ་ན་སྡུག་པ་འཕྲོས་ཤིང་།   ཉིན་རེར་རྒྱང་རིང་གི་སི་ཁྲོན་དང་ཡུན་ནན་ཞིང་ཆེན།  ཁོར་ཡུག་ཏུ་གནས་པའི་བོད་ལྗོངས།  མཚོ་སྔོན་ལ་སོགས་པའི་དད་ལྡན་མང་ཚོགས་ཁྲི་འབུམ་དུ་མ་སྟོན་སྤྲིན་གྱི་འདུ་འགོད་ཇི་བཞིན་སྐོར་སྐོར་བྱས་ནས་ལྟ་སྐོར་ཕྱག་མཇལ་དུ་འགྲོ་འོང་བྱེད་བཞིན་མཆིས།
     གེ་སར་རྒྱལ་པོའི་དགོན་པ་དེ་ཡུལ་ལྗོངས་རྣམ་པར་མཛེས་པའི་རི་བོ་རྟའི་རྣ་འབྱོག་གི་དབྱིབས་དང་མཚུངས་པ་ཞིག་གི་སྐེད་ན་ལྷུན་ཞིང་སྡུག་པའི་ངང་དུ་ཆགས་འདུག་ལ།  དེའི་རྐྱེན་གྱིས་མི་རྣམས་ཀྱི་རྟ་རྣ་དགོན་པོ་ཞེས་ཀྱང་འབོད།  དགོན་པ་དེའི་མདུན་ན་དགུང་གི་དགུ་ཚིགས་ནོར་འཛིན་དཔལ་མོའི་ལུས་རྒྱན་དུ་གནང་བ་ལྟ་བུའི་བསིལ་ཞིང་དྭངས་པའི་ཆུ་བོ་གཡས་སུ་འབབ་པ་དང་།  ཁོར་ཡུག་ཀུན་ཏུ་བུམ་པའི་དབྱིབས་དང་འདྲ་བའི་ས་འཛིན་ཁྲི་སྟོང་མང་པོས་སྟོད་ལ་སྤྲིན་དཀར་གྱི་ན་བཟའ་མནབས་ཏེ་གསལ་ལེར་མངོན་ཞིང་།  དྲི་བཟང་བསུང་ཞིམ་ཐུལ་བའི་ལྷ་ཤིང་ཤུག་པ་དང་གསོམ་དཀར་ལ་སོགས་པའི་ལྗོན་ཤིང་སྣ་ཚོགས་ཀྱིས་འཛིན་མའི་ལྗོངས་ཀུན་རྣམ་པར་བརྒྱན་འདུག  ཡིད་དུ་འོང་བའི་བྱ་དང་བྱེའུ་སྣ་ཚོགས་པ་མང་པོས་ངལ་བ་མེད་པར་ཕན་ཚུན་གྱི་མཛེས་པའི་ཉམས་འགྱུར་གྱི་གར་སྟབས་བསྒྱུར་ཏེ་རེ་ཞིག་དགུང་སྔོན་དབྱིབས་སུ་འཕུར་ལྡིང་བྱེད་ལ།  རེ་ཞིག་དོག་མོ་ས་རུ་གཤོག་རྩེད་ཀྱིས་མཛེས་རིས་ཕབ་པ་ཇི་བཞིན་འཕུར་སྐྱོད་ཀྱི་རྩེ་དགར་དབང་མེད་དུ་རོལ་བཞིན་མཆིས་ལ།  ངོ་མ་མཛེས་སྡུག་མཆོག་དུ་གྱུར་པའི་ལྷ་ཡུལ་ཁམས་དང་ཁྱད་པར་མ་མཆིས་པས་བདག་གི་བློ་མིག་ཀྱང་རེ་ཞིག་འཕྲུལ་བའི་དྲ་བརྒྱར་ཚུད་པ་དང་མཚུངས་སོ།
    ས་དེ་གའི་དགེ་འདུན་པ་རྒན་པ་རྣམ་པས་གསུངས་པ་ལྟར་ན་གེ་སར་རྒྱལ་པོའི་དགོན་པ་དེ་ནི་སྤྱི་ལོ་ཆིག་སྟོང་ཆིག་བརྒྱ་དོན་གཅིག་ལོར་མིང་གྲགས་ཅན་གྱི་ཕག་གྲུའི་སློབ་མ་སངས་རྒྱས་ཡེལ་བ་ཡེ་ཤེས་བརྩེགས་ཀྱིས་འཛམ་གླིང་གེ་སར་རྒྱལ་པོ་དང་ཁོང་གི་དཔའ་རྟུལ་སུམ་ཅུས་མ་རུངས་ཕྱོགས་བཞིའི་དགྲ་བཞི་ཐལ་བའི་རྡུལ་དུ་བརླགས་ཏེ་ཁམས་གསུམ་བདེ་ལ་བཀོད་པའི་རླབས་ཆེན་གྱི་མཛད་རྗེས་ནམ་ཡང་བརྗེད་ཐབས་མེད་པའི་དྲན་རྟེན་གྱི་ཆེད་དུ་གསར་བཞེངས་མཛད་པ་ལགས་ཞེས་གསུངས་ཀྱང་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་དང་མི་མཐུན་པའི་རྒན་པ་ལ་ལས་བཤད་པ་ལྟར་ན།  དགོན་དེ་ཐོག་མར་འདེབས་པའི་སྐབས་སུ་བོན་པོའི་ལྟ་བ་འཛིན་པའི་དགོན་པ་ཞིག་ཡིན་མོད།  ཡིན་ནའང་ཕྱིས་སུ་དུས་དང་སྤྱི་ཚོགས་ཀྱི་འགྱུར་ལྡོག་གི་དབང་གིས་བཀའ་བརྒྱུད་པའི་དགོན་ལག་ཆེན་པོ་ཞིག་ཏུ་གྱུར་ཏེ།   རིམ་གྱིས་རྒྱ་བསྐྱེད་དེ་གླིང་གེ་སར་རྒྱལ་པོའི་དགོན་པའི་མིང་ཐོགས་པ་ཡིན་ཟེར།
     དགོན་པ་དེ་རུ་བོད་ཀྱི་ཕུལ་བྱུང་བཟོ་རྩལ་ལས་ཐོན་པའི་གཙུག་ལག་ཁང་མཆོག་ཏུ་གྱུར་བ་མང་པོ་ལྷང་ངེར་མངོན་འདུག་ལ།  རྟེན་འགངས་ཆེན་གྱི་དབྱིབས་ལེགས་མཆོད་རྟེན་སྣ་མང་ཡང་གོ་རིམ་ལྡན་པའི་ངང་སྔ་གཞུག་ཏུ་བཞེངས་ཡོད་པར་མ་ཟད།  དགོན་པའི་གཡས་གཡོན་དུ་གྲྭ་ཤག་གྲངས་མང་པ་ཡང་རིམ་་པ་ལྡན་པའི་ངང་ཆགས་འདུག་ཅིང་འདུ་ཁང་ཆེན་མོ་དང་བཅས་པའི་གྱང་ངོས་མིག་དབང་འཕྲོག་པའི་ལྷ་དང་ལྷ་ཡུལ་ཁམས། མི་དང་མི་མ་ཡིན།  དམྱལ་བ་དང་དུད་འགྲོ་ལ་སོགས་ཀྱི་ལྡེབས་རིས་རྣམ་སྣ་ཚོགས་བྲིས་འདུག  གཞན་ཡང་གཙུག་ལག་ཁང་གི་ནང་རྟེན་ལ་ད་དུང་སྒྲ་ཚད་མ།  ནང་དོན་རིག་པ།   གསོ་བ་རིག་པ་བཅས་བཅུ་ཕྲག་རིག་གནས་ཀྱི་གླེགས་བམ་ཁྲི་ཕྲག་མང་པོ་རིམ་བརྩེགས་སུ་ཡོད་


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།