༄༅།། གྲྭ་བཞི་ལྷ་མོ་དགོན།

རྩོམ་པ་པོ།:གསལ་བོ་མི་ཤེས། ཡོང་ཁུངས།:མཚོ་སྔོན་པོ་དྲ་ཚིགས། དུས་ཚོད།:2008-06-17 10:52:05 ཀློག་གྲངས།:

  ལྷ་སའི་གྲྭ་བཞི་ལམ་གྱི་བྱང་ངོས་སུ་གནས་པའི་ཁྲེན་ཀོན་ཆུས་གྲྭ་བཞི་དོན་གཅོད་ཁང་གི་གནས་ཡུལ་དེ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང༌། བསང་མཆོད་ཀྱིས་འཁྲིགས་པའི་དགོན་པ་གྲགས་ཅན་ཞིག་རེད།
  གྲྭ་བཞི་ནི་བན་ཆུང་བཞིའི་དོན་ཡིན་ཞིང༌། མིང་དེའི་ཐད་ཤོད་སྲོལ་འདི་འདྲ་ཞིག་ཡོད་པ་སྟེ། དུས་རབས་ 18 པའི་དུས་དཀྱིལ་དུ། གོང་མ་ཆན་ལུང་སྐུ་འཚོ་གསལ་ཐང་དང་ཚེ་རིང་ཡོང་བའི་སྨོན་ལམ་འདེབས་ཆེད། བོད་ས་གནས་སྲིད་གཞུང་གིས་ལྷ་སའི་བྱང་ཕྱོགས་ཀྱི་བྱེ་ཐང་ཞིག་གི་སྟེང་དུ་ལྷ་ཁང་ཆུང་ཆུང་ཞིག་བཞེངས་པ་དང༌། བན་ཆུང་བཞི་འདིར་བཀོད་སྒྲིག་བྱས་ཏེ་དཔེ་ཆ་ཀློག་པ་དང༌། སྨོན་ལམ་འདེབ་སུ་བཅུག་ཅིང༌། དུས་ཡུན་རིང་པོ་སོང་བའི་རྗེས་ས་ཆ་འདིར་གྲྭ་བཞི་ཞེས་འབོད་པ་དང༌། དགོན་པ་དེར་གྲྭ་བཞི་དགོན་ཞེས་ཐོགས།
  བོད་ལྗོངས་ཀྱི་ལོ་རྒྱུས་སྟེང་གྲྭ་བཞི་ནི་བར་སྐོར་དང༌། ཕོ་བྲང་པོ་ཏ་ལ། ནོར་བུ་གླིང་ཁ་བཅས་ཕུད་པའི་ལྷ་སའི་འདུ་འཛི་ཆེ་བའི་གནས་གཞན་ཞིག་ཡིན།
  སྤྱི་ལོ་ 1773 ལོར་མི་དབང་ཕོ་ལྷ་བས་གོང་མ་ཡུང་ཀྲེ་ཡི་བཀའ་ལྟར་འདིར་མང་ཚོགས་ལས་བཟོ་པ་སྒྲིག་འཛུགས་ཀྱིས་ཁང་པ་དང་དམག་སྒར་སྐྲུན་པ་དང༌། ཆིང་རྒྱལ་རབས་ཀྱི་བོད་སྡོད་ཨམ་བན་གྱི་ཡ་མོན་དང་སྲུང་དམག་འདིར་བཀོད་སྒྲིག་བྱས་ཡོད། དེ་རྗེས་རིམ་བཞིན་འདིར་བོད་སྡོད་ཨམ་བན་གྱི་གཞུང་དོན་སྒྲུབ་ས་དང༌། ཆིང་རྒྱལ་རབས་ཀྱི་དམག་མིའི་དམག་སྒར། ལྷ་སར་བྱུང་སྔ་ཤོས་ཀྱི་ཁ་ཆེའི་ཕྱག་ཁང༌། བོད་ཀྱི་དམག་དཔུང་ ( དེའི་ནང་སྐད་གྲགས་ཆེ་བའི་གྲོང་དྲག་དམག་སྒར་ཚུད་ཡོད༌། བཅས་ཡོད་པར་གྱུར་པ་དང༌། ད་དུང་སྐད་གྲགས་ཆེ་བའི་གྲྭ་བཞི་དངུལ་ལོར་བཟོ་གྲྭ་ཡོད་ཅིང༌། བོད་ཀྱི་དངུལ་ལོར་དང༌། རྫས་མདེལ། སྦྲགས་འཛིན་སོགས་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང༌། དེ་ནི་བོད་ལྗོངས་ཉེ་རབས་ལོ་རྒྱུས་སྟེང་གི་དེང་རབས་ཀྱི་དོན་སྙིང་ལྡན་པའི་ཕྱོགས་བསྡུས་ལས་སྣོན་བཟོ་གྲྭ་དང་པོ་དེ་ཡིན། དམག་སྒར་གྱི་ཉེ་འགྲམ་དུ་འཁྲུག་པོ་ཡོད་ཅིང༌། དམག་མིའི་ཁྱིམ་མི་རྣམས་ཀྱིས་འདིར་ཚོང་ཁང་དང༌། ཟ་ཁང་བཙུགས་ཡོད་པས། འདིར་གྲལ་འགྲིག་པའི་ཁྲོམ་ཆུང་ཞིག་ཆགས་ཡོད།
  སྐབས་དེ་དུས་ལྷ་སར་འགྲིམ་འགྲུལ་སྟབས་བདེ་པོ་མེད་པ་དང༌། ལྷ་ས་བས་སེ་ར་དགོན་ལ་མཆོད་མཇལ་དུ་བསྐྱོད་སྐབས་ཉིན་གཅིག་གམ་ཡང་ན་དེ་ལས་མང་བ་འགོར་གྱི་ཡོད་པས་མི་རྣམས་ཀྱིས་གྲྭ་བཞིར་ཚ་ཕོག་དང་ངལ་གསོ་རྒྱག་གི་ཡོད། དེས་རྐྱེན་པས་གྲྭ་བཞི་ཁུལ་དེ་སྔར་བས་འཁྲུག་ཆ་དོད་པ་ཞིག་ཏུ་གྱུར་ཡོད།
  གྲྭ་བཞི་ལྷ་མོ་དགོན་དུ་ཐོག་མར་ཡོད་པ་ནི་ཀོན་ཡུན་ཆང་གི་སྐུ་མི་ཚད་གཅིག་དང༌། མཚན་བྱང༌། དེ་བཞིན་གྲྭ་བཞི་ལྷ་མོའི་སྐུ་བརྙན་བཞུགས་ཡོད། ལོ་ལྟར་དབྱར་དུས་སུ་དམག་མི་རྣམས་ཀྱིས་ཀོན་ཡུན་ཆང་གི་སྐུ་དེ་ཕེབས་བྱམས་ནང་འཁྱེར་བ་དང༌། ཞི་དྲག་དཔོན་རིགས་ངོ་ལས་རྟ་ཧྲག་སྒྲིག་པ།མི་ཁ་ཤས་ཀྱིས་ཀོན་ཡུན་ཆང་གི་འཁོར་གྱི་ཆས་སྤྲས་པ་བཅས་བྱས་ནས་ལྷ་སའི་བར་སྐོར་ནང་སྐོར་བ་རྒྱག་གི་ཡོད། དགོན་པའི་རྒྱན་རིས་ལ་ཡང་རྒྱ་ནག་ཡུལ་གྱི་ཁྱད་ཆོས་ལྡན་ཡོད་པ་དང༌། ལྷ་ཁང་དེའི་ནང་གི་དྲིལ་བུ་སྤྱི་ཁྲེ་གང་མ་ཟིན་ཙམ་ཞིག་གི་ངོས་སུ་སྤྲིན་འབྲུག་དང་བོད་རྒྱ་མན་གསུམ་གྱི་ཡི་གེ་ཡོད་པ་ཞིག་ཡོད།
  ཤོད་སྲོལ་ལ་གྲྭ་བཞི་དེ་ཐོག་མར་མོ་རྩིས་ཐིག་པོ་ཡོད་པས་ལྷ་སར་སྐད་གྲགས་ཆོད་པ་ཞིག་ཡིན་པ་རེད། ད་ལྟ་ཡང་བོད་རིགས་ཀྱིས་གྲྭ་བཞིར་མོ་རྩིས་རྒྱག་བར་ཡོང་སྐབས་རྒྱ་ཡིག་གི་སྒྲ་སྒྱུར་སྟེ་“ཁྲོ་ཆེན་”ཞུ་བ་ཞེས་པ་དེ་འབོད་ཀྱི་ཡོད།
  རྗེས་སུ་མོ་རྩིས་ཐིག་པོ་ཡོད་པའི་སྙན་གྲགས་དེ་རིམ་བཞིན་དགོན་པའི་རྟེན་གཙོ་གྲྭ་བཞི་ལྷ་མོའི་སྟེང་དུ་འགྱུར་བ་བྱུང་བ་དང༌། གྲྭ་བཞིའི་བསང་མཆོད་སྔར་བས་གྲ་རྒྱས་པ་བྱུང་ཡོད། གྲྭ་བཞི་ལྷ་མོར་མཆོད་མཇལ་ཞུ་མཁན་གཙོ་བོ་ནི་ཚོང་པ་ཡིན་པ་དང༌། ལྷག་པར་དུ་ཨ་མདོ་དང༌། ཁམས་ཀྱི་ཚོང་པ་མང་པོ་ཡོད་ཅིང༌། བོད་རྒྱ་ལུགས་གཉིས་ཟུང་སྦྲེལ་གྱི་དགོན་སྡེ་ཞིག་ཡིན་པའི་རྐྱེན་གྱིས་འདིར་མཆོད་འབུལ་བྱེད་མཁན་གྱི་ནང་སའི་མི་ཡང་མང་པོ་ཡོད།
  སྤྱི་ལོ་ 1984 ལོའི་སྔོན་དུ་གྲྭ་བཞི་དགོན་དེ་ས་གནས་དེ་གའི་མང་ཚོགས་ཀྱིས་དོ་དམ་བྱེད་ཀྱི་ཡོད་པ་དང༌། སྤྱི་ལོ་ 1984 ལོར་ས་གནས་དེ་གའི་མང་ཚོགས་ཀྱིས་གྲྭ་བཞི་དགོན་དེ་རང་མོས་ཀྱིས་སེ་ར་དགོན་པས་དོ་དམ་བྱེད་རྒྱུར་ཕུལ་བ་རེད། ལོ་མང་རིང་ཉམས་གསོ་མ་བྱུང་བའི་རྐྱེན་གྱིས་རྩིག་རྨང་རྡིབ་པ་དང༌། ཐོག་ཁ་ནས་ཆར་ཆུ་འཛག་པ་སོགས་མི་མངོན་པའི་རྐྱེན་ངན་མང་པོ་གནས་ཡོད། སེ་ར་དགོན་པས་གྲྭ་བཞི་ལྷ་མོ་དགོན་ལ་གཞི་ཁྱོན་ཆེ་བའི་ཉམས་གསོ་ཐེངས་འགའ་བྱས་པ་དང༌། དོ་དམ་ལམ་ལུགས་ཀྱང་དོ་ནན་པོ་ཞིག་གཏན་འཁེལ་བྱས་ཡོད། ལྷག་པར་དུ་ད་ལོ་སེ་ར་དགོན་པས་སླར་ཡང་མ་དངུལ་འབོར་ཆེན་བཏང་ནས་ཚོམས་ཆེན་ལ་སླར་ཡང་ཉམས་གསོ་བྱས་པ་དང༌། པང་གཅལ་བཏིང་ཞིང༌། གྲྭ་ཤག་སྐྲུན་པ་དང༌། ཚོང་ཁང་དང་ཆོས་ལུགས་ཀྱི་ཡོ་བྱད་ཆེད་ཚོང་ཁང་བཙུགས་ལ། ཚོམས་ཆེན་ནང་གི་སྲུང་མ་ལྕམ་སྲིང་དང༌། དཔལ་ལྡན་ལྷ་མོ། བཀའ་གདམས་མཆོད་རྟེན། རྟ་མགྲིན། གསང་བ་འདུས་པ། རྡོ་རྗེ་འཇིགས་བྱེད། དུས་འཁོར། རྣམ་ཐོས་སྲས། མགོན་པོ་ཕྱག་དྲུག ཆོས་རྒྱལ་སོགས་སླར་བཞེངས་མཛད་ཡོད། གྲྭ་བཞི་ལྷ་མོ་དང༌། ས་བདག་ལ་ཡང་ཉམས་གསོ་བྱས་ཡོད་པས། ཆོས་དད་མང་ཚོགས་ཀྱི་ཆོས་ལུགས་འཚོ་བར་སྟབས་བདེ་ཆེན་པོ་སྐྲུན་ཡོད།
དགོན་སྡེར་ད་ཆ་གྲྭ་པ་ 28 ཡོད་པ་དང༌། ཉིན་རེར་ཆུ


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།