༄༅།། བླ་བྲང་བཀྲ་ཤིས་འཁྱིལ་ངོ་སྤྲོད་རགས་ཙམ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-07-15 09:59:36 ཀློག་གྲངས།:
  བླ་བྲང་དགོན་པ་ནི་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དགུང་ལོ་རེ་གཉིས་ཏེ་སྤྱི་ལོ༡༧༠༩ལ་འདེབས་མགོ་ཚུགས། སྤྱི་ལོ༡༧༠༡ལ་ཚོགས་ཆེན་འདུ་ཁང་ཆེན་མོ་གསར་བཞེངས་ཀྱི་རྨང་བཏིང་སྟེ། སྤྱི་ལོ༡༧༡༤ལ་ཀ་བ་བརྒྱད་ཅུ་ཅན་གྱི་འདུ་ཁང་ལེགས་པར་གྲུབ། ནང་ནས་གྲྭ་བ་སྟོང་གཅིག་གིས་མཉམ་གཅིག་དུ་ཆོས་ཀྱི་བྱ་འགུལ་སྤེལ་ན་ཆོག སྤྱི་ལོ༡༧༧༢ལ་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་བོས་ཚོགས་ཆེན་འདུ་ཁང་རྒྱ་བསྐྱེད་དེ། ཀ་བ་བརྒྱ་དང་བཞི་བཅུར་བྱས། གྲྭ་བ་སྟོང་གསུམ་ཤོང༌། སྤྱི་ལོ༡༩༤༦ལ་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་བས་སླར་ཡང་རྒྱ་བསྐྱེད་དོ། །  ཐོས་བསམ་གླིང་གྲྭ་ཚང་ནི་གྲྭ་ཚང་དྲུག་ལས་ཆེས་ཐོག་མར་བཞེངས་པ་དང་ཆེས་ཆེ་བའི་གྲྭ་ཚང་ཞིག་ཀྱང་ཡིན། རྟེན་གཙོ་འཇམ་དབྱངས་བཞད་པ། ཤཱཀྱ་མུ་ནེ། ཙོང་ཁ་པ། རྒྱན་དྲུག་མཆོག་གཉིས། བྱམས་མགོན།ཉེ་སྲས་བརྒྱད་སོགས་ཡོད། གྲྭ་བ་ཆེས་མང་དུས་སྟོང་ཕྲག་གསུམ་ལ་སླེབས། འཛིན་གྲྭ་བཅུ་གསུམ་ཡོད། སྦྱོང་བྱ་གཞུང་ཆེན་པོ་ལྔ་སྟེ། ཕལ་ཆེར་ལོ་ངོ་བཅོ་ལྔའི་ནང་ནས་མཐར་ཕྱིན་སྲིད། དེ་ལས་ཚད་མ་ལོ་ལྔ་སྟེ་ལོ་དང་པོར་ཁ་དོག་དཀར་དམར་ཞོལ། ལོ་གཉིས་པར་ཁ་དོག་དཀར་དམར་གོང༌། ལོ་གསུམ་པར་བསྡུས་འབྲིང༌། ལོ་བཞི་བར་བསྡུས་ཆེན། ལོ་ལྔ་བར་ཚད་མའི་གཞུང་དང༌། དེ་དང་མཉམ་དུ་རྒྱན་འཇུག་བློར་འཛིན་དགོས།
 ཕར་ཕྱིན་ལོ་བཞི་སྟེ་འཛིན་གྲྭའང་བཞིར་ཕྱེ་ཡོད། ལོ་དང་པོར་གཞུང་གསར་ཞོལ། ལོ་གཉིས་པར་གཞུང་གསར་གོང༌། ལོ་གསུམ་པར་སྐབས་དང་པོ་ནས་གསུམ་པ། ལོ་བཞི་བར་སྐབས་བཞི་བ་ནས་བརྒྱད་པའི་བར་རོ། །དབུ་མ་ལོ་གཉིས་སྟེ་ལོ་དང་པོ་དབུ་མ་གསར་བ། ལོ་གཉིས་པར་དབུ་མ་རྙིང་བའོ། །མཛོད་ལོ་བཞི་སྟེ་འཛིན་གྲྭ་གཅིག་གོ། འདུལ་བ་ལ་འཛིན་གྲྭ་གཅིག་སྟེ། ལོ་གྲངས་ཀྱི་ངེས་གཏན་མེད་དོ། །དེ་དག་རྩོད་གླེང་དང༌། ཡིད་ལ་འཛིན་པ། སེམས་སུ་གཤགས་པ་བཅས་ཀྱི་ཐབས་ལ་བརྟེན་པ་དང༌། རྩོད་གླེང་ལ་འཇམ་དབྱངས་བཞད་པའི་སྐུ་དངོས་ནས་གཏན་འཁེལ་མཛད་པའི་ཧོར་ཟླ་བཞི་བའི་ཚེས་བཅུ་དགུ་ནས་ཉེར་བཞི་བར་གྱི་རྩོད་གླེང་ཆེན་པོ་དང༌། བདུན་པའི་ཆོས་ཚོགས། གཞན་དུས་ཚིགས་ཁྱད་པར་ཅན་སོགས་ལ་ཚོགས་ཆེན་འདུ་ཁང་ན་ཚོགས་ལངས་ཡོད། དེ་ཡང་ཕར་ཕྱིན་ནས་མཐར་ཕྱིན་པ་དང༌། ཡང་ན་འཛིན་གྲྭ་དྲུག་པ་ནས་བཅུ་གཉིས་བར་གྱི་གྲྭ་བས་ཚད་མ་དང་ཕར་ཕྱིན་རྒྱུགས་སྤྲད་པ་ལ་རབ་འབྱམས་པ་ཟེར། ལོ་རེ་རྒྱུགས་གཉིས་སྟེ། དང་པོ་ཧོར་ཟླ༥བའི་ཚེས༡༧ནས་ཧོར་ཟླ༦པའི་ཚེས༡༧བར་ཡིན་པ་དང༌། ཐེངས་གཉིས་པ་ཧོར་ཟླ༡༡པའི་ཚེས༡༧ནས་ཧོར་ཟླ༡༢ པའི་ཚེས་༡༧ བར་ཡིན།མངོན་པ་མཛོད་མཐར་ཕྱིན་པ་ལ་བཀའ་རམས་པ་ཟེར། དེ་ཡོད་ཚད་མཐར་ཕྱིན་ཏེ་རྒྱུགས་སྤྲད་པ་ལ་རྡོ་རམས་པ་ཟེར། དེ་ལའང་རྒྱུགས་ཐེངས་གཉིས་ཏེ། དང་པོ་ཧོར་ཟླ་དང་པོའི་ཚེས༡༧ནས༢༠བར་ཡིན་པ་དང༌། གཉིས་པ་ཧོར་ཟླ༧པའི་ཚེས་༩ནས་༡༣བར་ཡིན། ལོ་རེར་རྡོ་རམས་པའི་མིང་རིམ་གཉིས་ལས་མེད་དོ། །
 དུས་འཁོར་གྲྭ་ཚང་ཨེ་ཝཾ་ཆོས་འཁོར་གླིང་ནི། སྤྱི་ལོ༡༧༦༣ལ་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་ཀུན་མཁྱེན་འཇིགས་མེད་དབང་བོས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ཐུགས་བཀོད་བཞིན་གཙང་བཀྲ་ཤིས་ལྷུན་པོར་དཔེ་བྱས་ཏེ་བཞེངས། ནང་དུ་ཀུན་མཁྱེན་འཇིགས་མེད་དབང་བོ་ཚང་དང༌། ཤཱཀྱ་ཐུབ་པ། སྲས་ཆེན་བདུན་གྱི་འདྲ་སྐུ་སོགས་བཞུགས་པར་མ་ཟད། མཁན་པོ་ཚང༌། གུང་ཐང་བློ་གྲོས་ཚང༌། བསྟན་པ་རྒྱ་མཚོ་ཚང་བཅས་ཀྱི་གདུང་རྟེན་ཡང་བཞུགས། གྲྭ་ཚང་འདིའི་གཙོ་བོ་དུས་འཁོར་དང༌། ཀུན་རིག མངོན་བྱང༌། འཇིགས་བྱེད། མགོན་པོ་ཕྱག་དྲུག ཆོས་རྒྱལ། ལྷ་མོ། རྣམ་སྲས་དང་ལྔ་མཆོད་ཀྱིན་ཡོད། འཛིན་གྲྭའང་གསུམ་ཕྱེ་སྟེ་ལོ་གྲངས་ཀྱི་ངེས་གཏན་མེད། དམའ་རིམ་ནས་འཇམ་དཔལ་མཚན་བརྗོད། བླ་མཆོད། ཆོས་སྤྱོད། བསྐང་གསོ། ཀུན་རིག་སོགས་གཙོ་བོ་སྦྱོང་བྱ་ཡིན། འབྲིང་རིམ་ནས་དུས་འཁོར། མངོན་བྱང༌། དུས་འཁོར་དཀྱིལ་འཁོར། ཀུན་རིག་དཀྱིལ་འཁོར། མངོན་བྱང་གི་དཀྱིལ་འཁོར་སོགས་གཙོ་བོ་སྦྱོང་བྱ་ཡིན། མཐོ་རིམ་ནས་གཙོ་བོ་སྒྲ་སྙན་ངག་དང་རྩིས་ས་རིས། དབང་སྐུར་བ། སྒོམ་པ་ཉམས་ལེན་མཛད་པ་སོགས་སོ། ། ཆོས་ཚོགས་གཙོ་བོ་གསུམ་པའི་ཚེས་དྲུག་དང༌། གསུམ་པའི་བཅུ་བཞི་ནས་ཉེར་གཅིག་བར་ཡིན།
 སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་ནི། སྤྱི་ལོ༡༧༨༢ ལ་ཀུན་མཁྱེན་འཇིགས་མེད་དབང་བོས་ལྷ་སའི་ལྕགས་རི་རིག་བྱེད་གླིང་གི་སྨན་པ་གྲྭ་ཚང་ལ་དཔེ་བྱས་ཏེ་བཞེངས། ནང་དུ་གཡུ་ཐོག་པའི་འདྲ་སྐུ་དང༌། སྨན་བླ། བླ་ཁོ་ཚང་གི་རིང་བསྲེལ་མཆོད་རྟེན་སོགས་ཡོད། འཛིན་གྲྭ་གསུམ་ཕྱེ་ཡོད་དེ། དམའ་རིམ་ནས་སྐྱབས་འགྲོ་དང༌། སྒྲོལ་སྔོན། མི་འཁྲུགས་པ། རྩ་རྒྱུད། ཕྱི་མ་རྒྱུད་སོགས་བློར་ངེས་དགོས།འབྲིང་རིམ་ནས་བཤད་རྒྱུད་དང་སྨན་བླ། རྟ་མགྲིན་པདྨ་དཀར་པོ། སྨན་བླ་རིང་པོ། མན་ངག་རྒྱུད་སོགས་བློར་ངེས་དགོས། མཐོ་རིམ་ནས་རྒྱུད་བཞི་སྤྱི་དང༌། ལམ་རིམ་ཆེན་མོ་སོགས་སློབ་དགོས། དེ་དག་ལོ་རེའི་ཟླ༢པའི་ཚེས་༢༡ནས་འགོ་ཚུགས་ཏེ་བཞི་བའི་༡༩བར་དུ་སྨན་གྱི་སློབ་ཁྲིད་དང༌། ལོ་རེ་བཞི་བའི་ཟླ་མཇུག་ནས་འཛིན་གྲྭ་དམའ་འབྲིང་གཉིས་ནས་ཕྱིར་སྨན་འཐུ་བ་ཉིན་གསུམ་དང༌། ཟླ༧པའི་ཟླ་མཇུག་ནས་སྨན་སྦྱོར་བ་སོགས་བྱས། ཆོས་ཚོགས་གཙོ་བོ་ཟླ༣པའི་ཚེས༡༧ནས༢༤བར་གྱི་སྨན་བླའི་བདག་འཇུག་སྦྱིན་སྲེག་དང༌། ཟླ༨པའི་ཚེས༩ནས༡༥བར་དང༌། ཚེས༢༩ཉིན་གྱི་རྟ་མགྲིན་བདག་འཇུག་སྦྱིན་སྲེག ཟླ༩བའི་ཚེས༡༨ནས༢༤བར་གྱི་མི་འཁྲུགས་པའི་བདག་འཇུག་སྦྱིན་སྲེག་སོག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།