དགོན་ལུང་བྱམས་པ་གླིང་གི་ལོ་རྒྱུས་མདོར་བསྡུས།

རྩོམ་པ་པོ།:ཁྱུང་ཕྲུག་བློ་བཟང་དར་རྒྱས། རྡོ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-11-18 09:20:55 ཀློག་གྲངས།:

   ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་བྱང་ཤར་མཚམས་སུ་སྤྱི་ལེ་ཞེ་ལྔ་ཡོད་པའི་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཁོངས་ཀྱི་ཤར་ལྷོའི་ཕྱོགས་སུ་ཆགས་ཡོད། ཆོས་སྡེ་འདི་ནི་རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོ་སྤྱི་ལོ༡༥༨༤ལོར་སོག་ཡུལ་དུ་ཕེབས་སྐབས་བྲག་རྒྱ་ཞེས་པའི་ས་ཆར་བཞུགས་སྒར་མཛད་དུས། ད་ལྟའི་དགོན་ལུང་གི་གནས་གཞིར་ལྟས་ཡ་མཚན་ཅན་གྱི་གཟུགས་སྣང་བྱུང་བས། གནས་འདིར་མ་འོངས་པ་ན་ཚད་མའི་སྐྱེས་བུ་ཞིག་གིས་བཀའ་གདམས་ཀྱི་བསྟན་པ་རྒྱས་པར་བྱེད་ཅེས་ལུང་སྟོན་པར་མཛད། སྤྱི་ལོ༡༦༠༣ལོར་རྒྱལ་དབང་བཞི་པ་ཡོན་ཏན་རྒྱ་མཚོ་ནང་སོག་ནས་དབུས་སུ་གསེར་ཁྲིར་མངའ་གསོལ་བར་ཕེབས་ལམ་དུ། ཡུལ་འདིའི་གླིང་ཀྱ་དང་ཨ་ཀྱ། ཧོའུ་འབུལ་དཔོན། དཔའ་རིན་སྒར་བ། ཅོག་ཚ་སྒར་བ། འདའ་ར་འབུལ་དཔོན། སེ་ཚ་འབུལ་དཔོན་སོགས་ཚོ་དཔོན་བཅུ་གསུམ་གྱིས་སྐུ་ཕྲེང་གོང་མའི་ལུང་བསྟན་ཡོད་པའི་རྒྱུ་མཚན་སོགས་སྙན་དུ་བསྒྲོན་ནས་ཡུལ་འདིར་དགོན་པ་ཞིག་འདེབས་རྒྱུའི་གནས་ཚུལ་ཞུ་བ་དང་། ལོ་དེའི་ལོ་མཇུག་ཏུ་ཡང་བསྐྱར་མི་སྣ་དབུས་སུ་མངགས་ནས་རྒྱུ་མཚན་སོགས་ཞུ་བར་བརྟེན། རྒྱལ་དབང་ཚང་གིས་རྒྱལ་སྲས་རིན་པོ་ཆེ་སྐུ་ཕྲེང་བདུན་པ་དོན་ཡོད་ཆོས་ཀྱི་རྒྱ་མཚོ་མདོ་སྨད་དུ་མངགས་ཤིང་ཡུལ་འདིའི་སུམ་པ་མཁན་པོ་སྐུ་ཕྲེང་དང་པོ་དམ་ཆོས་རྒྱ་མཚོ་དང་དད་ལྡན་མང་ཚོགས་ཀྱི་རྒྱབ་རོགས་ལ་བརྟེན་ནས་སྤྱི་ལོ༡༦༠༤ལོར་བཏབ་པ་ཡིན། རྒྱལ་སྲས་རིན་པོ་ཆེ་དགོན་འདིར་ལོ་དྲུག་རིང་ལ་ཆོས་ཐོག་སྐབས་སུ་དགོན་པར་འཆད་ཉན་མཛད་པ་དང་། ཆོས་མཚམས་སུ་བྱང་ཆུབ་གླིང་དུ་རི་ཁྲོད་པ་རྣམས་ལ་ཁྲིད་དམིགས་འབོག་པ་དང་། མཚམས་ཀྱི་བཅད་རྒྱ་སོགས་མཛད་དེ་བཞུགས། དེ་ནས་སུམ་པ་དམ་ཆོས་རྒྱ་མཚོ་འཆད་ཉན་གྱི་སློབ་དཔོན་དུ་བསྐོ་བཞག་མཛད་ནས་རྒྱལ་སྲས་ལགས་ཕྱིར་དབུས་སུ་ཕེབས་སོ།། དེའི་རྗེས་སུ། ཨོས་རོད་ཇུན་གར་གྱི་རྒྱལ་པོ་པྰ་ཐུར་ཧུང་ཐས་ཇི་དང་། དཔོན་མོ་ཨ་ནུ་སོགས་ཀྱིས་ཆོས་སྡེ་ཆེན་པོ་འདིའི་སྦྱིན་བདག་གི་གཙོ་བོ་མཛད་ནས་ཨེ་ཇེ་ནའི་གཤམ་གྱི་ཀོ་ཕུ་སེའམ། སྟག་རྣ་ཆད་ཀྱི་མཆོད་གཞི་རྣམས་དགོན་ལུང་ལ་ཕུལ་ཏེ......ཡང་གུ་ཤྲྰི་བསྟན་འཛིན་ཆོས་རྒྱལ་གྱིས་ཧལ་ཧ་ཆོག་ཐུ་དང་བེ་རི་རྒྱལ་བོ་སོགས་བཅོམས་ནས་མངའ་འོག་ཏུ་བསྡུས་པའི་སྡེ་ཁྲོད་ནས། སྟོང་ཤགས་ཀྱི་དེའི་མཚོ་ཡན་ཆད། ཞྭ་ཁོག་གི་ཆུ་མན་ཆད་ཀྱི་དཔའ་རིས་ཙོང་ཁ་དང་འཇུ་ལག་གི་ཧོར་འབྲོག་གི་སྡེ་རྣམས་དགོན་ལུང་གི་མཆོད་གཞིར་ཕུལ་བ་སོགས་སོག་པའི་སྦྱིན་བདག་སྟོབས་ཆེན་དག་གི་རྒྱབ་སྐྱོར་ལ་བརྟེན་ནས་དགོན་པའི་གཞི་རྒྱ་བསྐྱེད་དེ། ཆིན་རྒྱལ་རབས་ཀྱི་གོང་མ་ཧྲུང་ཊི་དང་ཁང་ཞིའི་སྐབས་ལ་དར་བའི་རྩེ་མོར་སོན། སྐབས་དེར་འདུ་ཁང་ཆེ་ཆུང་དང་། ནང་ཆེན། གྲྭ་ཤག་སོགས་ཉིས་སྟོང་ལྷག་ལ་སླེབས་ཤིང་། མཚན་ཉིད་གྲྭ་ཚང་དང་།སྨན་པ་གྲྭ་ཚང་། རྒྱུད་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་བཅས་གྲྭ་ཚང་བཞི་དང་གྲྭ་བཙུན་བདུན་སྟོང་ལྷག་བཞུགས་ཤིང་འཆད་ཉན་རྒྱ་ཆེར་འཕེལ། མ་དགོན་ཞེ་དགུ་ལྷག་ཡོད་པ་རྣམས་མཚོ་སྔོན་ཞིང་ཆེན་གྱི་ཧུའུ་ཀྲུའུ་དང་། ལུང་མདོ། རྨིན་ཧི། རྟ་ཐང་། རྨིན་ཡོན། དཔའ་ལུང་སོགས་དང་། ཀན་སུའུ་ཞིང་ཆེན་གྱི་ཀྲང་ཡུས་སོགས་སུ་ཁྱབ་ཡོད་པས། ཙོང་ཆུའི་བྱང་གི་མ་དགོན་དང་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་དུ་གྱུར་ལ། ཤིན་ཅང་དང་། ནང་སོག པེ་ཅིན། ཧུའུ་པེ། ཧེ་ལུང་ཅང་། ལེའོ་ཉིན་སོགས་སུའང་དགོན་པ་འདིའི་དགོན་ལག་ཡོད་པར་བཤད་དོ།།

   ཆིང་གོང་མ་ཡུང་ཊིའི་ཁྲི་ལོ་དང་པོ་སྟེ། སྤྱི་ལོ༡༧༢༤ལོར།  སོག་རིགས་ཀྱི་ཆིན་ཝང་བློ་བཟང་བསྟན་འཛིན་གྱི་དུས་ཟིང་ཁྲོད་དུ་དགོན་ལུང་གྲྭ་པས་ཆིང་སྲིད་གཞུང་ལ་ངོ་རྒོལ་བྱས་སྟབས་ཆིང་སྲིད་གཞུང་གིས་ཁྲོན་སྰན་སྤྱི་ཁྱབ་པ་ཉན་ཀུན་ཡའོ་དང་ཟི་ཁྲོན་གྱི་ཐས་པུའུ་ཡོ་ཀྲུང་ཆིས་བཏང་ནས་དགོན་ལུང་དགོན་དུ་དམག་དྲངས་ཐོག   ཆིང་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་གྲྭ་པ་དྲུག་སྟོང་ལྷག་བསད། དགོན་པ་གཏོར་ནས་ཐལ་བའི་རྡུལ་དུ་བཏང་། སྲོག་ཉེན་ལས་ཐར་བ་ཉུང་ཤས་ཡོད་པ་དེ་དག་ཙོང་ཆུའི་འགྲམ་ངོགས་ཀྱི་བྲག་ཕུག་དང་ནགས་ཚལ་ཁྲོད་དུ་ཡིབ་ནས་ཕྱིར་འགྲོ་དུས་ཆོས་གོས་ཀྱི་ཐོག་ཏུ་སྟོད་གོས་དཀར་པོ་གྱོན་འགྲོ་དགོས་པར་གྱུར། དེའི་རྗེས་སུ་པེ་ཅིན་དུ་བཅའ་བཞུགས་མཛད་པའི་གོང་མའི་དབུ་བླ་ལྕང་སྐྱ་དང་ཐུའུ་བཀྭན་རྣམ་གཉིས་ནས་ཐུགས་རེ་ཞུ་པ་ལྟར་ཡུང་ཊིའི་ཁྲི་ལོ་བཅུ་པ་སྤྱི་ལོ༡༧༣༢ལོར་ཆིང་སྲིད་གཞུང་ནས་འགྲོ་གྲོན་བཏང་སྟེ་དགོན་པ་འདི་ཉིད་ཉམས་གསོ་མཛད་ཅིང་། གོང་མ་ཡུང་ཊིས་སྔོན་ཆད་ཀྱི་དགོན་མིང་རྣ་བར་མི་སྙན། དགོན་མིང་གསར་པར་དབྱིག་གཉེན་དགོན་ཟེར་དགོས་ཞེས་བཀའ་བྱང་བསྩལ་ཞིང་། རྒྱུན་བཞུགས་གྲྭ་བ་ཉིས་བརྒྱ་ལས་བརྒལ་མི་ཆོག་པའི་ཐག་གཅོད་ཀྱང་གནང་། ཆིང་ཐུན་ཀྲི་ཁྲི་ལོ་ལྔ་པ་སྤྱི་ལོ༡༨༦༦ལོར་ནུབ་བྱང་ས་ཁུལ་གྱི་ཧོས་རིགས་ཀྱིས་ཆིང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དུས་ཟིང་ཁྲོད་དགོན་ལུང་དག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།