༄༅། །སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ལོ་རྒྱུས་མདོར་བསྡུས།

རྩོམ་པ་པོ།:དགེ་ལེགས་འཕེལ། ཡོང་ཁུངས།:ཀྲུང་གོ་ཆ་འཕྲིན་ལྟེ་གནས། དུས་ཚོད།:2009-11-30 10:03:31 ཀློག་གྲངས།:

ཟབ་རྒྱས་མདོ་སྔགས་རྦ་རླབས་གཡོ་བའི་མཐའ་བྲལ་ཆུ་གཏེར་ཀློངས་ཡངས་སུ། །

ལུང་རྟོགས་དཀྱིལ་འཁོར་འོད་བརྒྱ་འཛུམ་པའི་ཐུབ་བསྟན་ཆུ་ཤེལ་ཉ་གང་བ། །

འགྲོ་བའི་བསོད་ནམས་མཁའ་ལ་ཤར་བ་དགེ་འདུན་བྱེ་བའི་བསྟི་གནས་མཆོག །

སྟག་ཚང་དཔལ་གྱི་ལྷ་མོ་ཞེས་གྲགས་གྲུ་འཛིན་གཉིས་པ་རྒྱལ་གྱུར་ཅིག །

ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག །

འཛིན་མཁས་རོང་ཆེན་སྐུ་ཕྲེང་ཞེས། །

གྲགས་པ་དོན་མཐུན་རི་དྭགས་མཚན། །

ཕྱོགས་ཀྱི་ཀུན་ཕན་ངོས་སུ་གསལ། །

གྲུ་འཛིན་དབང་ཕྱུག་པད་མ་ཅན། །

ཅུང་ཙམ་བཞད་པའི་འཛུམ་ཟེར་ལས། །

འཁྲུངས་པའི་ཆོས་ཀྱི་དགའ་ཚལ་འདིའི། །

ལོ་རྒྱུས་མུ་ཏིག་ཕྲེང་བ་སྤེལ། །

སྟག་ཚང་ལྷ་མོའི་ཀིརྟི་དགོན་པའི་ལོ་རྒྱུས་མདོར་བསྡུས་ཏེ་འགོད་པ་ལ་གསུམ།

 ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་སྟག་ཚང་ལྷ་མོའི་གནས་ཡུལ་ནི་བོད་ཆེན་པོ་ལ་ཆོལ་ཁ་ཕྱེ་པའི་མདོ་སྨད་མགྱོགས་འགྲོའི་ཆོལ་ཁ་དེ་ལ་རྨ་ཀླུང་དལ་འགྲོ་རིང་མོ་འབབ་པའི་དབང་དུ་བྱས་ནས་བྱང་རྒྱུད་དང༌། ལྷོ་རྒྱུད་གཉིས་ཡོད་པའི་ལྷོ་རྒྱུད་མཛོད་དགེ་ཕྱོགས་ཀྱི་ལྟེ་བའི་ས་ལ་བཀྲ་ཤིས་རྟགས་བརྒྱད་རང་ཆས་སུ་ཡོད་པ། ས་དབྱིབས་ཟ་གམ་དང་འདྲ་ཞིང༌། རྗེ་བླ་མའི་ལུང་གིས་ཟིན་པ། བསྟན་པ་སྔ་དར་སྐབས་སློབ་དཔོན་པད་མ་དང་ལོ་ཆེན་བཻ་རོ་ཙ་ན་སོགས་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གནས་མཆོག་ཁྱད་པར་བ། འབྲུག་དཀར་གཙང་པོའི་འབྱུང་ཁུངས་ཡིན་ལ། ཆུ་འགོའི་གཡས་སུ་རྡོ་དཀར་ལས་གྲུབ་པའི་གཟུགས་གསལ་བོར་ཡོད་པ་སྐྱེ་བོ་མཆོག་དམན་ཀུན་གྱི་མཐོང་བྱེད་ཀྱི་ཡུལ་དུ་གྱུར་བ་དང༌། བྲག་ཕུག་ཅུང་བཤིགས་རལ་དུ་སོང་བ་ཞིག་ལ་འབྲུག་ཁང་ཞེས་ད་ལྟའང་འབོད་སྲོལ་ཡོད་པའི་ཆུ་འགོ་ནས་མར་འདོམས་སུམ་བརྒྱ་ཡས་མས་ཀྱི་ཆུའི་གཡས་འགྲམ་ན་བྲག་ཕུག་ཆེ་ཆུང་གཉིས་ཡོད་པ་སྟག་མོ་མ་བུ་ལྔའི་ཚང་ཡིན་སྐད། བྲག་ཕུག་དེར་གནས་པའི་སྟག་མོའི་མིང་ལ་ལག་ཡོམ་ཟེར་ཞིང་ཕུག་པའི་ཐད་ངོས་ཀྱི་བྲག་ལ་སྟག་གི་རྐང་རྗེས་ཡིན་ཞེས་འདྲ་ཆོག་པ་མང་ཙམ་མཆིས། སྟག་མོ་དེ་ལ་ཤས་གནས་བདག་ཡིན་ཟེར་བ་དང་ལ་ཤས་ཀྱིས་སྲིན་མོར་འདོད་པ་གཉིས་ལས། སྟག་མོ་ལ་ཆིབས་པའི་གནས་བདག་དྲག་པོ་རྩལ་ཟེར་བ་དང་བསྟུན་ན་ཅུང་འགྲིག་པར་གསུངས། ཕྱི་མའི་རྗེས་སུ་འབྲང་ན་རབ་བྱུང་ལྔ་དྲུག་གི་ཡན་ལ་གནས་དེར་ནགས་ཚལ་ཤིན་ཏུ་སྟུག་པོས་གཡོགས་པའི་ཁྲོད་དུ་སྟག་མོ་ལག་ཡོམ་ཞེས་མི་ཕྱུགས་ཀུན་ལ་ཤིན་ཏུ་འཚེ་བའི་མ་རུང་བ་ཞིག་གནས་བ་ལ། ཉིན་ཞིག་ལང་ཚོ་དར་ལ་ཤེད་སྟོབས་ཆེ་བ། དཔལ་རྩལ་རྒོད་ལ་སྤྱང་གྲུང་འཛོམས་པའི་སྟོབས་ལྡན་ཞེས་འབོད་པ་ཞིག་གིས་བལ་སྐུད་ཕྲ་མོ་ལུས་ལ་བཀྲིས་ནས་སྲབ་མཐུག་སྟག་གི་མཆེ་བའི་ཚད་ལས་བརྒལ་བའི་ཚོད་ཙམ་བྱས་ནས། རྣོ་ལྕགས་ལེགས་པོ་ལས་གྲུབ་པའི་གྲི་ཆུང་མཐོ་གང་ཙམ་ལུས་ལ་འཆང་ནས་སྟག་མོ་འཚོལ་དུ་སོང་བས་མི་རིང་སྟག་མོས་བཟུང་ནས་ཁྱེར་ནས་ཚང་སྒོར་སླེབས་པ་ན་སྟག་མོས་ངལ་གསོ་བའི་སྐབས་དང་བསྟུན་ནས་གྲི་ཆུང་སྙིང་ཐད་དུ་བསྣུན་ནས་བསད་སྐད། ཕྱིས་ཀིརྟི་དགོན་པའི་བཻཧར་རྒྱལ་པོའི་བཙན་ཁང་དུ་སྟག་ལྤགས་རྩྭས་རྒྱངས་བ་ཞིག་འདུག་པ་སྟག་མོ་ལག་ཡོ་མའི་པགས་པ་ཡིན་ཟེར་སྲོལ་ད་ལྟའང་མཆིས།

རྒྱུ་མཚན་དེའི་དབང་གིས་ཡུལ་དེར་སྟག་ཚང་ཞེས་བའི་མིང་ཆགས་པ་དང༌། ལྷ་མོ་ཞེས་པ་ནི། རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་སྲུང་ཀུན་དང་གཙོ་མོ་དཔལ་ལྡན་ལྷ་མོའི་གཟུགས་བརྙན་རྡོ་ལས་གྲུབ་པ་ཁྱད་མཚར་ཞལ་བྱང་དུ་ཕྱོགས་པ། གདུགས་དང་ཤོ་རྡེའུ་དཀར་ནག་ཁྲ་གསུམ། གདོང་ཅན་གཉིས་སོགས་སྐྱེ་བོ་མཆོག་དམན་ཐམས་ཅད་ཀྱི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་བ་ཞིག་འབྲུག་དཀར་གཙང་པོའི་འགྲམ་གྱི་བྲག་ཕུག་གཏིང་རིང་བ་ཞིག་ཏུ་ཡོད་པ་ལ་ད་ལྟའང་ལྷ་མོའི་གནས་ཞེས་འབོད་བཞིན་པ་བཅས་ཀྱིས་ལྷ་མོ་ཞེས་བའི་མིང་ཆགས། དེ་ལྟར་སྔ་ཕྱིའི་མིང་གཉིས་པོ་མིང་ཚིག་ཏུ་གྲུབ་པས་སྟག་ཚང་ལྷ་མོ་ཟེར་བ་ཡིན། ཕྱིས་སུ་སྟག་ཚང་ལྷ་མོའི་ཀིརྟི་དགོན་པའི་ཆོས་སྲིད་ཐམས་ཅད་ཡར་རྒྱས་སོང་སྟབས་ཡུལ་མིང་དགོན་པ་ལ་བཏགས་ནས་མདོ་དབུས་གཙང་གསུམ་ཀུན་ཏུ་ཀིརྟི་དགོན་པ་ལ་སྟག་ཚང་ལྷ་མོ་ཞེས་འབོད་སྲོལ་བྱུང་བ་རེད། <


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།