བསམ་ཡས་ཀྱི་ལྡེབས་རིས་དང་ཞིག་གསོའི་སྐོར།

རྩོམ་པ་པོ།:ཆོས་རྒྱལ། ཡོང་ཁུངས།:《ཀྲུང་གོའི་བོད་ལྗོངས།》 དུས་ཚོད།:2010-11-03 10:27:00 ཀློག་གྲངས།:

བསམ་ཡས་གཙུག་ལག་ཁང་གི་ལོ་རྒྱུས་དང་བཟོ་བཀོད།
 བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་སྤྲུལ་པའི་གཙུག་ལག་ཁང་།ཞེས་འཛམ་གླིང་ཡུལ་གྲུ་ཀུན་ཏུ་སྙན་པའི་གྲགས་པ་འབྲུག་ལྟར་ལྡིར་བ་དེ་ནི་གྲྭ་ནང་རྫོང་ཁོངས་ཡར་ཀླུངས་གཙང་པོའི་བྱང་ངོས་སུ་གནས་ཤིང་།རྩེད་ཐང་ནས་དེ་བར་ལ་ལམ་ཐག་སྤྱི་ལེ40དང་།མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་སྨི3676ཡོད།གཙུག་ལག་ཁང་དེ་ནི་སྤྱི་ལོའི་དུས་རབས8པའི་དུས་དཀྱིལ་དུ།བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྔ་རྗེས་སུ་སྦ་གསལ་སྣང་ལ་སོགས་ཕོ་ཉར་མངགས་ཏེ།ཟ་ཧོར་ནས་མཁན་ཆེན་ཞི་བ་འཚོ་དང་།ཨོ་རྒྱན་ཡུལ་ནས་སློབ་དཔོན་པད་མ་འབྱུང་གནས་གདན་དྲངས་ཏེ།འདུལ་བའི་ལུགས་སུ་གཙུག་ལག་ཁང་དང་།མདོ་སྡེའི་ལུགས་སུ་དཀྱིལ་འཁོར།མངོན་པའི་ལུགས་སུ་རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་དང་བཅས་ལེགས་པར་བཞེངས་པའི་བོད་ཀྱི་ལོ་རྒྱུས་ཐོགསངས་རྒྱས་དང་།ཆོས།དགེ་འདུན་བཅས་མ་ཚང་བ་མེད་པའི་བོད་ཀྱི་དགོན་པ་དང་པོ་དེ་ཡིན་ཞིང་།ལྟེ་བར་གནས་པའི་གཙུག་ལག་ཁང་གི་དབུ་རྩེ་རིགས་གསུམ་ལས།འོག་ཁང་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པ་ལ་རྟེན་གྱི་གཙོ་བོ་ཇོ་བོ་བྱང་ཆུབ་ཆེན་མོ་རྡོ་སྐུ་རང་བྱོན།བར་ཁང་རྒྱ་ནག་གི་ཁྱད་ཆོས་ལྡན་པ་ལ་རྟེན་གྱི་གཙོ་བོ་གུ་རུ་སྣང་སྲིད་ཟིལ་གནོན།སྟེང་ཁང་རྒྱ་གར་གྱི་ཁྱད་ཆོས་ལྡན་པ་ལ་རྟེན་གྱི་གཙོ་བོ་སངས་རྒྱས་རྣམ་པར་སྣང་མཛད་བཅས་རང་རང་འཁོར་དང་བཅས་པས་ཡོངས་སུ་བསྐོར་བ་དང་།དེའི་སྟེང་ཙན་དན་ལྷ་ཁང་ནང་བསྟན་པའི་སྲོག་ཤིང་སྟེ།ཙ་རི་མཁའ་འགྲོས་གདན་དྲངས་པའི་ཙན་དན་གྱི་ཀ་བ་སོགས་བྱིན་རླབས་ཀྱིས་ཚན་འབར་ཞིང་།ངོ་མཚར་སྒྱུ་རྩལ་གྱིས་ཕྱུག་པའི་རྩེ་མོར།ས་ལེ་སྦྲམ་གྱི་རྒྱ་ཕིབས་ཀྱི་འོད་མདངས་ཕྱོགས་བཅུར་འཕྲོ་བ།ཟངས་མདོག་དཔལ་གྱི་རི་དང་གཉིས་སུ་མ་མཆིས་པའི་གཙུག་ལག་ཁང་ཆེན་པོ་དེའི་ཁོར་དང་ཁོར་ཡུག་ཏུ།གླིང་བཞི་དང་གླིང་ཕྲན་བརྒྱད་ཀྱིས་ལེགས་པར་བརྒྱན་པའི་གླིང་ཆེན་བཞི་ལས།ཤར་སྒོ་འཇམ་དཔལ་གླིང་ནི་ཆོས་འཆད་འཁྲིད་བྱེད་སའི་གླིང་དང་།ལྷོ་སྒོ་རྟ་མགྲིན་གླིང་ནི་སྡིག་པ་བཤགས་པར་བྱེད་སའི་གླིང་།ནུབ་སྒོ་བྱམས་པ་གླིང་ནི་གང་ཟག་ཁྱད་འཕགས་ཅན་ལ་ལུང་སྟོན་པའི་གླིང་།བྱང་སྒོ་སེམས་བསྐྱེད་གླིང་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གླིང་བཅས་ཡིན་པ་དང་།གླིང་ཕྲན་བརྒྱད་ལས།དང་པོ་རྣམ་དག་ཁྲིམས་ཁང་གླིང་ནི་སད་མི་བདུན་ཐོག་མར་རབ་ཏུ་བྱུང་བའི་གནས།གང་ཟག་འདུལ་ཁྲིམས་སྡོམ་པ་ལེན་སའི་གནས་ཡིན་པ་དང་།གཉིས་པ་བརྡ་སྦྱོར་ཚང་མང་གླིང་ནི་དགེ་འདུན་ཟས་ཀྱིས་འཚོ་བར་བྱེད་པའི་གླིང་།གསུམ་པ་བདུད་འདུལ་སྔགས་པ་གླིང་ནི་འཆད་རྩོད་རྩོམ་གསུམ་སོགས་རྣམ་དཀར་གྱི་བྱ་བ་བསྒྲུབ་པར་བར་ཆད་སྲུང་བའི་གླིང་།བཞི་པ་སྒྲ་བསྒྱུར་རྒྱ་གར་གླིང་ནི་སམ་སྐྲྀ་ཏའི་སྐད་སོགས་བོད་ཡིག་ལ་བསྒྱུར་སའི་གླིང་།ལྔ་པ་ལུང་བསྟན་བཻ་ཙ་གླིང་ནི་ཆོས་རྣམས་ཐེག་པ་རིམ་པར་འབྱེད་པའི་གླིང་།དྲུག་པ་མི་གཡོ་བསམ་གཏན་གླིང་ནི་ཏིང་འཛིན་བསམ་གཏན་སྒོམ་སྒྲུབ་བྱེད་པའི་གླིང་།བདུན་པ་རིན་ཆེན་སྣ་ཚོགས་གླིང་ནི་བྱང་ཆུབ་སྨོན་པ་སེམས་བསྐྱེད་བྱེད་པའི་གླིང་།བརྒྱད་པ་པེ་ཧར་དཀོར་མཛོད་གླིང་ནི་རྒྱ་བོད་ཧོར་སོགས་ཀྱི་དཔེ་ཆ་གྲངས་མེད་ཀྱི་གླིང་བཅས་རེད།གཞན་ཡང་ད་དུང་གཙུག་ལག་ཁང་གི་གཡས་གཡོན་ན།ཉི་མ་ལྷ་ཁང་དང་།ཟླ་བ་ལྷ་ཁང་།ངོ་མཚར་མཆོད་རྟེན་བཞི་སོགས་ཡོད།དེ་ལས་ངོ་མཚར་མཆོད་རྟེན་དཀར་པོ་ཉན་ཐོས་ཀྱི་ལུགས་སུ་བཞེངས་པ་དང་།ངོ་མཚར་མཆོད་རྟེན་དམར་པོ་ཆོས་ཀྱི་འཁོར་ལོ་བྱང་ཆུབ་སེམས་དཔའི་ལུགས་སུ་བཞེངས་ཤིང་།ངོ་མཚར་མཆོད་རྟེན་ནག་པོ་མྱང་འདས་མཆོད་རྟེན་སངས་རྒྱས་ཀྱི་ལུགས་སུ་བཞེངས་ཁར།ངོ་མཚར་མཆོད་རྟེན་སྔོན་པོ་བཀྲ་ཤིས་སྒོ་མང་ལྷ་ལས་བབས་པ་དེ་བཞིན་གཤེགས་པའི་ལུགས་སུ་བཞེངས།ཕྱོགས་བཞིའི་མཆོད་རྟེན་བཞི་པོ་རྒྱལ་ཆེན་རིགས་བཞིའི་མཚོན་ཚུལ་དུ་བཀུར་བའང་ཡོད།དེ་དག་ཐམས་ཅད་ལྕགས་རི་རྡོ་རྗེ་འགྲོས་ཀྱིས་བསྐོར་བའི་མུ་ཁྱུད་ལྕགས་རིའི་སྟེང་དུ།མཆོད་རྟེན་ཆུང་ཆུང་བརྒྱ་དང་ཉེར་བརྒྱད་བཞུགས་པ་དེ་དག་རེ་རེའི་གཟུངས་སུ་སངས་རྒྱས་ཀྱི་རིང་བསྲེལ་རེ་བཞུགས་པ་དང་།ལྕགས་རིའི་ཕྱི་རོལ་དུའང་འབྲོ་བཟའ་བྱང་ཆུབ་སྒྲོན་གྱིས་བཞེངས་པའི་དགེ་རྒྱས་བྱེ་མའི་གླིང་དང་།ཚེ་གཡང་བཟའ་མེ་ཏོག་སྒྲོན་གྱི་དོད་དུ་བཞེངས་པའི་ཁམས་གསུམ་ཟངས་ཁང་གླིང་།ཕོ་ཡང་བཟའ་རྒྱལ་མོ་བཙུན་གྱིས་བཞེངས་པའི་བུ་ཚལ་གསེར་ཁང་གླིང་བཅས་བཙུན་མོ་གླིང་གསུམ་དང་།གཙུག་ལག་ཁང་གི་ཤར་ལྷོའི་མཚམས་སུ་བོད་ཀྱི་རི་ཆེན་བཞིའི་ཡ་རྒྱལ་ཧས་པོ་རི་དང་།དེའི་རྒྱབ་ངོས་སུ་མཁན་ཆེན་ཞི་བ་འཚོའི་སྐུ་གདུང་མཆོད་རྟེན་དང་སྐར་ཆུང་ལྷ་ཁང་།བྱང་ངོས་སུ་ཚེ་ཡི་སྒྲུབ་གནས་གཡའ་མ་ལུང་།བྱང་ཤར་མཚམས་སུ་དབེན་པའི་རི་ཁྲོད་མཆིམས་ཕུ།ལྷོ་ནུབ་ཏུ་མཚོ་མོ་མགུལ་དང་ཟུང་མཁར་རྡོའི་མཆོད་རྟེན།གླིང་བཞི་གླིང་ཕྲན་ནང་མ་ཚུད་པའི་རྫོགས་ཆེན་ལྷ་ཁང་དང་།ངོ་མཚར་ཐུབ་ཆེན་གླིང་།རྫོགས་ཆེན་འཁོར་ཆེན་མ་ཎི་ལྷ་ཁང་སོགས་མདོར་ན་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་འདིའི་ཆགས་ཡུལ་གྱི་མཛེས་ལྗོངས་དང་།ཕྱིའི་བཀོད་པ།ནང་གི་རིག་དངོས།ལོ་རྒྱུས་ཀྱི་རྒྱབ་ལྗོངས་སོགས་ཡོད་དོ་ཅོག་གཞན་གྱིས་བསྒྲུན་པར་མི་ནུས་པ་ཡོད།
ལྡེབས་རིས་ནང་གི་བོད་ཀྱི་ལོ་རྒྱུས།
 བསམ་ཡས་གཙུག་ལག་ཁང་གི་ལྡེབས་རིས་གཞི་རྒྱ་ཆེ་ལ།བརྗོད་བའི་ནང་དོན་ཕུན་སུམ་ཚོགས་ཤིང་།འབྲི་རྩལ་ཤིན་ཏུ་ཞིབ་ཚགས་པས་ན།དེའི་སྙན་གྲགས་འཛམ་གླིང་ཡུལ་གྲུ་ཀུན་ལ་ཁྱབ་ཡོད།འདུ་ཁང་དང་བར་ཁྱམས་སོགས་ཀྱི་གྱང་ངོས་སུ་བྲིས་པའི་ལྡེབས་རིས་དག་གི་བསྟན་བྱའི་ནང་དོན་གཙོ་བོ་ནི་བོད་ཀྱི་ལོ་རྒྱུས་དང་།བསམ་ཡས་དགོན་པ་ཆགས་ཚུལ།སློབ་དཔོན་པདྨ་འབྱུང་གནས་ཀྱི་མཛད་རྣམ།གར་རྩེད།རྡོ་འགྱོགསྦེ་གརྟ་རྩེད་ལ་སོགས་རེད།
 དེ་ཡང་ཞིབ་པར་ཞུ་ན།དབུ་རྩེའི་འདུ་ཁང་ཆེན་མོའི་ལྡེབས་རིས་ནང་།མ་བྲག་སྲིན་དང་ཕ་སྤྲེལ་རྒན་བྱང་ཆུབ་སེམས་པ་གཉིས་མཐུན་པ་ལས།བོད་ཀྱི་མེས་པོ་མིའུ་གདོང་དྲུག་བྱུང་བའི་སྐོར་དང་།གཉའ་ཁྲི་བཙན་པོ་བོད་ཀྱི་བཙན་པོ་དང་པོར་ཁྲི་གསོལ་བྱས་པའི་སྐོར།བལ་བཟའ་རྒྱ་བཟའ་སྲོང་བཙན་གྱི་ཁབ་ཏུ་བཞེས་པའི་སྐོར།གླང་དར་མས་ཆོས་བསྣུབས་པའི་སྐོར།བསམ་ཡས་གཙུག་ལག་ཁང་བཞེངས་པའི་སྐོར།རྒྱལ་རབས་རིམ་བྱུང་གི་དར་རྒུད་སྐོར།རྗེ་ཙོང་ཁ་པས་དགའ་ལྡན་རིང་ལུགས་གསར་དུ་གཏོད་པ་ལ་སོགས་ཀྱི་ལོ་རྒྱུས་ཞིབ་པར་འཁོད་ཡོད་པས།དེ་ནི་ལོ་རྒྱུས་ཀྱི་ནང་དོན་ཞིབ་པར་གསལ་བའི་བོད་ཀྱི་ལྡེབས་རིས་ཤིན་ཏུ་དཀོན་པ་ཞིག་རེད།གར་རྩེད་དང་།རྡོ་འགྱོགསྦེ་གརྒྱུགས་མཆོང་།རྟ་རྒྱུགས་ལ་སོགས་ལུས་རྩལ་དང་འབྲེལ་བའི་ལྡེབས་རིས་རྣམས་གཙོ་བོ་འདུ་ཁང་ཆེན་མོའི་བར་ཁྱམས་ཀྱི་གྱང་ངོས་ཐོག་བཞེངས་ཡོད།ཁམས་གསུམ་ཟངས་ཁང་གླིང་གི་ལྡེབས་རིས་ཐོགབསམ་ཡས་གཙུག་ལག་ཁང་གསར་བཞེངས་གྲུབ་པའི་རྟེན་འབྲེལ་མཛད་སྒོའི་ཐོགའབག་གྱོན་ནས་ལྷ་མོ་འཁྲབ་པ་དང་།གླུ་པ་གླུ་མས་གླུ་ལེན་བྲོ་འཁྲབ་བྱེད་པའི་ལྡེབས་རིས་གཅིག་ཡོད་པ་དེ་ལས།སྤྱི་ལོའི་དུས་རབས་8པའི་དུས་ནས་བོད་ལ་ལྷ་མོ་འཁྲབ་པའི་སྲོལ་ཡོད་པ་དངོས་ར་གསལ་འཕྲོད་བྱུང་བ་རེད།བྱང་ཆུབ་སེམས་བསྐྱེད་གླིང་གི་ལྡེབས་རིས་དག་ནི་དགོན་པ་དེ་ཐོག་མར་ཕྱག་འདེབས་སྐབས་བཞེངས་པའི་ལྡེབས་རིས་ཡིན་པ་མ་ཟད།ད་ལྟ་ད་དུང་སྐྱོན་མེད་རང་སོར་བཞུགས་ཡོད།དུས་རབས8པ་ནས11པའི་བར་དུ་བཞེངས་པའི་ལྡེབས་རིས་དེའི་སྒྱུ་རྩལ་ལ་བོད་ཀྱི་སྔ་དུས་ཀྱི་ཁྱད་ཆོས་ཏེ།བོད་བྲིས་དང་སྒར་བྲིས་གཉིས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པས།དེ་ལས་བཙན་པོའི་དུས་སུ་བོད་དང་ཉེ་འདབས་མི་རིགས་བར་རིག་གནས་ཀྱི་བཟང་ཆ་ཕན་ཚུན་ཉམས་ལེན་བྱེད་སྲོལ་ཡོད་པ་མཚོན་ཡོད།
ལོ་རྒྱུས་ཐོག་བསམ་ཡས་ཞིག་གསོ་ཐེངས་མང་བྱས།
 ད་ལྟ་རིག་རྒྱུ་ཡོད་པའི་ལྡེབས་རིས་མང་ཆེ་བ་དུས་རབས17པར་བསམ་ཡས་གཙུག་ལག་ཁང་མེ་ཤོར་བའི་རྗེས།བསྐྱར་དུ་ཉམས་གསོ་བྱས་པ་ཤ་སྟག་རེད།ལྡེབས་རིས་དེ་དག་སྔ་དུས་བཞེངས་པའི་ལྡེབས་རིས་མིན་རུང་།དེའི་ནང་དོན་དང་ཁྱད་ཆོས་གཙོ་བོ་སྔར་ལྟར་བཞེངས་ཡོད།ལོ་ངོ1000ལྷག་གི་ལོ་རྒྱུས་ནང་།བསམ་ཡས་གཙུག་ལག་ཁང་ལ་ཞིག་གསོ་ཐེངས་མང་བྱེད་མྱོང་སྟེ།བཙན་པོའི་མཐའ་མ་གླང་དར་མས་ཆོས་བསྣུབས་ནས།འབངས་གྱེན་ལོག་བྱུང་བའི་རྗེས།བོད་ཀྱི་དགོན་སྡེར་གཏོར་བཤིག་ཕོག་པ་མ་ཟད།སྲིད་ཀྱི་ལྟེ་གནས་ལྷ་སར་བསྒྱུར་བ་ལ་སོགས་པའི་རྐྱེན་གྱིས།དུས་རབས13པ་ནས16པའི་བར་གྱི་དུས་ཚོད་ནང་།བསམ་ཡས་གཙུག་ལག་ཁང་སྟོངས་ལ་ཉེ་བའི་མཚམས་སུ་སླེབས།དུས་རབས17པའི་དུས་འགོར།ས་སྐྱ་བས་ཉམས་གསོ་བྱས་པའི་རྗེས།རྙིང་མ་བའི་མ་དགོན་དེ་རེ་ཞིག་ས་སྐྱ་བས་བདག་པོ་བརྒྱབ།དགེ་ལུགས་པས་བོད་ཀྱི་སྲིད་དབང་ལག་ཏུ་བླངས་པའི་རྗེས།རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱིས་རྙིང་མ་བའི་བླ་མ་བརྟེན་ནས་སྔགས་གཞུང་སྦྱང་སྟབས།དེར་རྒྱབ་སྐྱོར་ཕྲན་བུ་ཐོབ་རུང་།དུས་རབས17པའི་དུས་དཀྱིལ་དུ་མེ་ལ་ཤོར་ནས་མེད་པ་ཆགས།དེ་རྗེས་རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་སྐུ་དུས་སུ(1683ལོ་ནས1706ལོའི་བར)ཡང་བསྐྱར་ཉམས་གསོ་བྱེད་འགོ་བརྩམས།དུས་རབས20པའི་ལོ་རབས40པའི་དུས་ཏེ།ར་སྒྲེང་རིན་པོ་ཆེས་རྒྱལ་ཚབ་གནང་རིང་།བསམ་ཡས་གཙུག་ལག་ཁང་ལ་ཁྱོན་ཡོངས་ནས་ཉམས་གསོ་ཐེངས་གཅིག་བྱས་པ་དང་།བོད་ཞི་བས་བཅིངས་འགྲོལ་བྱུང་བའི་རྗེས།ཏང་དང་མི་དམངས་སྲིད་གཞུང་གིས་གནའ་བོའི་དགོན་པ་ཆེན་པོ་དེའི་ཕྱི་ཡི་བཟོ་བཀོད་དང་ནང་གི་རིག་དངོས་སྲུང་སྐྱོབ་བྱེད་པའི་ལས་ཀར་མཐོང་ཆེན་བྱས་ཏེ།ཆེད་དངུལ་བཏང་ནས་ཉམས་གསོ་བྱས་པ་མ་ཟད།1962ལོར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསམ་ཡས་གཙུག་ལག་ཁང་དེ་བོད་ཀྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གལ་ཆེའི་གྲས་སུ་བཅུག་པ་དང་སྦྲགས།དགོན་པའི་བདག་གཉེར་ཨུ་ཡོན་ལྷན་ཁང་བཙུགས་ནས།དགོན་པའི་རིག་དངོས་སྲུང་སྐྱོབ་དང་བདག་གཉེར་བྱེད་པའི་ཐུགས་འགན་བཞེས།འོན་ཀྱང་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ།དགོན་པ་གཞན་དང་འདྲ་བར་བསམ་ཡས་གཙུག་ལག་ཁང་ལའང་གཏོར་བཤིག་ཆེན་པོ་ཕོག་ནས།ཕྱོགས་ཀྱི་མཆོད་རྟེན་སོགས་བཟོ་བཀོད་མང་པོ་རེ་ཞིག་གྱང་རོ་ཙམ་ལས་རིག་རྒྱུ་མེད་པ་ཆགས།1982ལོར་དགོན་སྒོ་དམངས་ལ་ཕྱེ་འགོ་ཚུགས་པ་ནས་བཟུང་།རྒྱལ་ཁབ་གཞུང་ནས་མ་དངུལ་སྒོར་ཁྲི120དང་གསེར་ཁེ་ཁྲི5ཙམ་བཏང་ནས།ཉམས་གསོ་ཐེངས་གཉིས་བྱས་པ་རེད།
ལྡེབས་རིས་ཁག་ཅིག་འཕྲོ་བརླག་ཕྱིན།
 བསམ་ཡས་གཙུག་ལག་ཁང་གི་ལྡེབས་རིས་དག་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀུན་དུ་འདུས་པའི་ནོར་བུའི་བང་མཛོད་ལྟ་བུ་ཞིག་ཡིན་རུང་།ཉེ་བའི་ལོ་དུས་ནང་།ཆར་ཐིགས་དང་གྱང་གས་སེར་ག་ལ་སོགས་ཀྱི་འཇིགས་པའི་འོགལྡེབས་རིས་ལ་འབུར་ཞུགས་སེར་གས་དང་དུ་དྲེག་ཆགས་པ་ལ་སོགས་ཀྱི་གནས་ཚུལ་མང་པོ་བྱུང་ཡོད།དེ་ལྟར་ཡོང་བའི་རྒྱུ་མཚན་གཙོ་བོ་ཁག་གསུམ་སྟེ།མཆོད་མེ་སྒྲོན་མཁན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བ་དང་གཅིགདབུ་རྩེའི་ཐོག་གི་ཨར་ག་གས་པའི་སེར་སྲུབས་སུ།དེང་རབས་ཀྱི་ཨར་དམ་བརྒྱབ་སྟབས།ཨར་ག་དང་ཨར་དམ་གཉིས་རིགས་མ་མཐུན་པའི་དབང་གིས་སྦྱར་ག་ཡག་པོ་མ་བྱུང་བར།མཐར་ཆར་ཆུ་འགོག་པའི་མཐུ་ནུས་ཇེ་ཞན་དུ་སོང་བ་དང་གཉིས།ཕྱི་ཡི་གྱང་དང་ནང་གི་སྐུ་འདྲ་རྣམས་བཞེངས་པའི་དུས་ཚོད་རིང་བའི་དབང་གིས།རྩིགས་པ་ཡོར་བ་དང་གྱང་གས་པའི་སེར་སྲུབས་ནང་ཆར་ཐིགས་སིམ་ནས།ལྡེབས་རིས་ལ་འབུར་ཞུགས་པ་དང་ཡང་ན་གས་ནས་མར་ལྷུང་བ་ལ་སོགས་ཀྱི་གནས་ཚུལ་བྱུང་བ་དང་གསུམ་བཅས་སོ།།
 གཞན་ཡང་དགོན་པའི་རིག་དངོས་སྲུང་སྐྱོབ་བྱེད་པའི་ས་གནས་སྲིད་གཞུང་གི་སེམས་ཤུགས་དེ་ཙམ་ཆེན་པོ་མེད་པ་དང་།རིག་དངོས་སྡེ་ཁག་གི་སྲུང་སྐྱོབ་བྱེད་ནུས་ཆེན་པོ་མེད་པ།དགོན་པ་རང་ལ་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་དངུལ་མི་འདང་པ།མང་ཚོགས་རྣམས་ལ་རིག་དངོས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཆེན་པོ་མེད་པ་བཅས་དང་ཡང་འབྲེལ་བ་ཆེན་པོ་ཡོད།
ལྡེབས་རིས་སྲུང་སྐྱོབ་བྱེད་ཐབས་སྐོར་གྱི་གྲོས་འགོ་འགའ།
 དེ་ཡང་ཞིབ་པར་ཞུས་ན།རིག་དངོས་སྐོར་གྱི་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས།རིག་དངོས་ཀྱི་ལས་ཀ་བྱེད་མཁན་རྣམས་ཀྱི་གཞི་རྩའི་བྱང་ཚད་དང་དམངས་རྣམས་ཀྱི་རིག་དངོས་སྲུང་སྐྱོབ་བྱེད་སེམས་ཆེ་རུ་གཏོང་དགོས་པ་དང་གཅིགཔོ་ཏ་ལ་དང་།ནོར་བུ་གླིང་གས་སྐྱ་དགོན་པ་ལྟར།བསམ་ཡས་གཙུག་ལག་ཁང་གི་ལྡེབས་རིས་ཉམས་གསོ་བྱེད་སྐབས།གྱང་ཁབ་སྤྱོད་པའི་ཏུན་ཧོང་ཞིབ་འཇུག་ཁང་གི་ཐུན་མིན་ལག་རྩལ་ལ་བརྟེན་ནས།ལྡེབས་རིས་ཀྱི་འབུར་སྙོམས་པ་དང་སེར་ག་སུབས་པ་ལ་སོགས་ཀྱི་ལས་ཀ་རྣམས་ལེགས་པར་བསྒྲུབ་དགོས་པ་དང་དུས་མཚུངས་སུ་དེ་འབྲེལ་གྱི་ལག་རྩལ་མི་སྣ་གསོ་སྐྱོང་བྱ་དགོས་པ་དང་གཉིས།ལྡེབས་རིས་ཉམས་གསོའི་མ་དངུལ་རྣམས་གཙོ་བོ་རྒྱལ་ཁབ་གཞུང་གི་ཆེད་དངུལ་དང་དགོན་པའི་ཡོང་འབབ་གཉིས་ལ་བརྟེན་པའི་རྨང་གཞིའི་ཐོགརྒྱལ་ཕྱི་རྒྱལ་ནང་ཀུན་ནས་རོགས་དངུལ་ཡོང་ཐབས་བྱ་དགོས་པ་དང་གསུམ།དོ་དམ་གྱི་ལམ་ལུགས་མེད་པ་གསར་བཟོ་དང་ཡོད་པ་འཐུས་སྒོ་ཇེ་ཚང་དུ་བཏང་ནས།རིག་དངོས་སྲུང་སྐྱོབ་ཀྱི་ལས་ཀར་གོང་རིམ་དབུ་ཁྲིད་ནས་བརྩི་མཐོང་ཆེན་པོ་བྱ་དགོས་པ་དང་བཞི།ཡུལ་སྐོར་གྱི་ཡོང་འབབ་ཇེ་མང་དུ་བཏང་ནས།བོད་ཀྱི་ལྡེབས་རིས་དོ་དམ་དང་སྲུང་སྐྱོབ་བྱེད་པའི་ལས་ཀར་སྐུལ་འདེད་གཏོང་དགོས་པ་དང་ལྔ་བཅས་ཡིན།དེ་འདྲ་བྱུང་ན།བོད་ཀྱི་དགོན་སྡེ་ཁག་གི་གནའ་བོའི་ལྡེབས་རིས་དང་།རིག་ཤུལ།རིག་དངོས་བཅས་དུས་ཐོག་ཏུ་མྱུར་སྐྱོབ་ཐུབ་ངེས་ཡིན་པར་གདོན་མི་ཟའོ།།

མི་འགྱུར་གྱིས་བསྒྱུར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།